119མེ་ཟོན་དྲིལ་སྒྲོག་བྱ་འགུལ་ཡུལ་ཤུལ་དུ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 119དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་ཏན་ཏིག་ངང་སྤེལ་ཏེ། ཁུལ་ཡོངས་ཀྱི་མེ་སྐྱོན་འགོག་ནུས་ཆེ་རུ་བཏང་སྟེ་མེ་ཟོན་བདེ་འཇགས་དྲིལ་སྒྲོག་གི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད། ཟླ11ཚེས5ཉིན། རྒྱལ་ཡོངས་ཀྱི“119མེ་ཟོན་དྲིལ་སྒྲོག་ཉིན་མོ”ཨང29པ་འཆར་ཉེའི་མཚམས་སུ་ཡུལ་ཤུལ་ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གིས་གཙོ་གཉེར་བྱས་པ་དང་། ཡུལ་ཤུལ་གྲོང་ཁྱེར་མེ་ཟོན་རུ་ཆེན་གྱིས་རོགས་སྒྲུབ་བྱས་པའི119མེ་ཟོན་དྲིལ་སྒྲོག་ཟླ་བའི་འགོ་ཚུགས་མཛད་སྒོ་ཡུལ་ཤུལ་གྲོང་ཁྱེར་གེ་སར་ཐང་ཆེན་དུ་འཚོགས་པ་རེད། སློབ་གྲྭའི་སློབ་མ་ཚུད་པའི་མི800ལྷག་ཡུལ་དངོས་སུ་བསྐྱོད་ནས་བྱེད་སྒོར་ཞུགས་པ་རེད།。

བྱེད་སྒོ་སྤེལ་ཡུལ་དུ་དཔུང་ཁག་བཅོས་སྒྱུར་འོག་ལོ་གཅིག་རིང་གི་བྱ་བའི་གྲུབ་འབྲས་མངོན་པར་བྱ་ཆེད། ཡན་ལག་རུ་ཁག་གིས་བྱ་བའི་པར་རིས་འགྲེམ་སྟོན་ཁུལ་བཙུགས་ནས་དཔུང་ཁག་འཛུགས་སྐྱོང་དང་། འགོག་སྲུང་བྱ་བ། ཉེན་འགོག་རོགས་སྐྱོབ། སྒྲིག་ཆས་འཛུགས་སྐྲུན། མེ་ཟོན་ཤེས་བྱ་དྲིལ་སྒྲོག་སོགས་ཀྱི་ཐད་བླངས་པའི་གྲུབ་འབྲས་འགྲེམ་སྟོན་བྱས་པ་དང་། མེ་ཟོན་བདེ་འཇགས་ཀྱི་གཙོ་གནད་ཚན་པ་འགྲེམ་སྟོན་ནང་རྒྱ་ཁྱབ་ངང་ཞུགས་ཡོད། དམིགས་ས་ཡོད་པའི“སྒྲིག་ཆས་དང་ཡོ་ཆས་མྱོང་རོལ་ཁུལ”དང“མེ་ཟོན་ཤེས་བྱའི་བློ་འདྲི་ཁུལ”དང“མེ་ཟོན་རོལ་རྩེད་ཁུལ”“མེ་ཟོན་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་ཁུལ”སོགས་ས་ཁོངས8བཙུགས་ནས་མང་ཚོགས་ལ་སློབ་སྦྱོང་དང་ཉམས་ལེན་མཁོ་འདོན་བྱས་པ་རེད། མེ་ཟོན་ཤེས་བྱའི་ཐད་བྱ་དགའ་སྤྲོད་པའི་འགྲན་སྡུར་དང་། མེ་ཟོན་རླངས་འཁོར་གྱི་སྒྲིག་ཆས་འགྲེམ་སྟོན་དང་དེ་བཞིན་བཀོལ་སྤྱོད་འགྲེམ་སྟོན། མེ་ཟོན་བདེ་འཇགས་ཀྱི་མཚོན་རྟགས་དབྱེ་འབྱེད། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་འཚོལ་ཞིབ། མེ་གཞིལ་གཤེར་མདོང་གིས་ཡུལ་དངོས་ནས་མེ་གསོད་པ་སོགས་ཉམས་ལེན་མཉམ་འགུལ་སློབ་ཚན་བརྒྱུད། རྒྱ་ཆེའི་མང་ཚོགས་ཚོས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ་མེ་ཟོན་དྲིལ་སྒྲོག་གི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཏན་ཏིག་བཏང་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་ཤུལ་ཡན་ལག་རུ་ཁག་གིས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བརྟེན་ནས། མེ་ཟོན་དྲིལ་སྒྲོག་ཁྱིམ་ཚང་དང་གནད་འཁེལ་རྣམ་པའི་མེ་ཟོན་དྲིལ་སྒྲོག་སོགས་དྲིལ་སྒྲོག་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་རྒྱུ་དང་། གྲོང་ཚོའི་ཉེན་རྟོག་པ་དང་སྡེ་ཁུལ་གྱི་དྲིལ་སྒྲོག་གཞུང་ཚབ་ཆེ་མོ་བ་དང་ལས་བྱེད་པ་སྐུལ་སློང་བྱས་ཏེ། མེ་ཟོན་དྲིལ་སྒྲོག་ཟླ་བའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་མེ་ཟོན་བདེ་འཇགས་ཀྱི་དྲིལ་སྒྲོག་རྒྱ་ཁྱབ་ངང་སྤེལ་ཏེ། ཁུལ་དེ་ཡོངས་སུ“མེ་སྐྱོན་གྱི་ཉེན་ཁར་དོགས་ཟོན་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི”རྣམ་པ་ཟབ་མོ་ཞིག་བཏོད་ཡོད་པ་རེད།

ལོ་ཙཱ་བ། གཡང་སྐྱིད།