རྨ་ལྷོའི་མཁར་གྲོང་འཚོ་བའི་མ་མཐའི་འགན་སྲུང་སྤུས་ཚད་ལོ་རེ་བཞིན་ཇེ་མཐོར་སོང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ལོ་ངོ་འདི་དག་གི་རིང་ལ། རང་ཞིང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུའུ་ཡིས་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་མངོན་གསལ་ཇེ་མཐོར་སོང་བ་རེད། 

ཤེས་རྟོགས་བྱུང་བ་ལྟར་ན། 2012ལོ་ནས2018ལོའི་བར། རྨ་ལྷོ་ཁུལ་གྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་མི་རེར་ཟླ་རེར་ཆ་སྙོམས་སྒོར318ནས་སྒོར508བར་མཐོ་རུ་ཕྱིན་པ་དང་འཕར་ཚད61%ཡིན་པ་དང་། 2019ལོར་ཚད་གཞི་སྒོར588བར་མཐོ་རུ་ཕྱིན་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་མི་རེར་ལོ་རེར་ཆ་སྙོམས་སྒོར1450ཡིན་པ་དེ་སྒོར2800བར་མཐོ་རུ་བཏང་བ་དང་འཕར་ཚད93%ཡིན་པ་དང་། 2019ལོར་མི་རེར་ཆ་སྙོམས་ཚད་གཞི་སྒོར3400བར་མཐོ་རུ་བཏང་བ། 2015ལོར《རྨ་ལྷོ་ཁུལ་གྱི་གནས་སྐབས་རོགས་སྐྱོབ་ལག་བསྟར་ཞིབ་སྲོལ》བཟོས་ནས་བཏོན་པ་དང་། 2018ལོའི་བར་ཁྱོན་བསྡོམས་གནས་སྐབས་རོགས་སྐྱོབ་དུད་ཚང17142ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི3583.22སྤྲད་པ་རེད། ཞིང་ཆེན་ཐིན་གྱིས་གཤམ་སྤྲོད་བྱས་པའི་འཛུགས་སྐྲུན་ལས་གཞི་གཞིར་བཟུང་། རེབ་གོང་རྫོང་དང་། གཅན་ཚ་རྫོང་སོ་སོར་སྐྲུན་བཞིན་པའི་སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་རེ་ཡོད་པ་རེ་ལ་མ་དངུལ་སྒོར་ཁྲི225བཏང་ནས་སྨི་ལྷམ་པ750ཟིན་པ་དང་བསྐྲུན་ཟིན་རྗེས་སྡེ་ཁུལ་གྱི་བདག་སྐྱོང་ཁྱབ་ཁོངས་ནང་འཚོ་བར་རང་མགོ་མི་ཐོན་པ། རྒྱུན་ལྡན་འཚོ་བར་ལྟ་རྟོག་ངེས་ཅན་བྱ་དགོས་པའི་རྒན་རྒོན་ཕྱེད་ཀ་ཙམ་ལ་བཟའ་བཅའ་མཁོ་འདོན་དང་། མི་སྒེར་གྱི་ལྟ་རྟོག བདེ་སྲུང་ལུས་གསོ། སྤྲོ་གསེང་རོལ་རྩེད་སོགས་ཉིན་མོའི་འཚོ་སྐྱོང་ཞབས་ཞུ་མཁོ་འདོན་བྱས་ནས། སྡེ་ཁུལ་ཚང་མའི་ནང་རྒན་རྒོན་ལ་ལྟ་སྐྱོང་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱས་པ་རེད། 2013ལོ་ནས2018ལོའི་བར་ཁུལ་ཡོངས་སུ་གྲོང་གསེབ་ཀྱི་རོགས་རེས་བདེ་སྐྱིད་ཁང59(གཙོ་བོ་ཞིང་ལས་ཁུལ་དང་འབྲོག་པའི་གཞིས་ཆགས་ས་ཆར་དམིགས་པ)བཙུགས་པ་དང་རོགས་རེས་བདེ་སྐྱིད་ཁང་ཚང་མའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ200ཟིན་ནས་བདག་མེད་རྒན་རྒོན་དང་ཁྱིམ་བསྐྱུར་བྱིས་པ་སོགས་ཀྱི་ཉིན་མོའི་ལྟ་སྐྱོང་ལ་ཞབས་ཞུ་དང་སྟབས་བདེ་བསྐྲུན་ནས་ཕྱིར་ཞོར་ལས་ལ་བསྐྱོད་རྗེས་ཀྱི་རྒྱབ་ཕྱོགས་ཀྱི་ལྟ་རྟོག་ཐག་གཅོད་བྱས་པ་རེད། 

དེ་དང་ཆབས་ཅིག རྨ་ལྷོ་ཁུལ་གྱིས་གཉེན་སྒྲིག་ཐོ་འགོད་ཡིག་ཚགས་བཟོས་ཚད100%ཟིན་པ་དང་། བེམ་རོ་ཞུགས་འབུལ་བྱེད་ཚད100%ཟིན་པ། འཁྱམ་པོ་དང་སློང་མོ་བར་རོགས་སྐྱོབ་སྒོར་ཁྲི83.32སྤྲད་པ་རེད། 2015ལོ་ནས2018ལོའི་བར་སྤྱི་ཚོགས་ཐོག་ཁ་ཐོར་དུ་གནས་པའི་དྭ་ཕྲུག་ལ་འགན་ལེན་དངུལ་སྒོར་ཁྲི1502.64སྤྲད་པ་དང་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་བྱིས་པ་མི་ཐེངས1886ལ་གཅིག་སྡུད་ཐོག་འགན་ལེན་སྒོར་ཁྲི་1971སྤྲད་པ་དང་ཁུལ་ཡོངས་ཀྱི་དཀའ་ངལ་ཡོད་པའི་བྱིས་པ་མི་ཐེངས3257ལ་འགན་ལེན་དངུལ་སྒོར་ཁྲི654.66སྤྲད་པ་རེད། 

ཉེ་བའི་ལོ་ཤས་རིང་། རིགས་མི་འདྲ་བའི་སྤྱི་ཚོགས་རྩ་འཛུགས140གསར་སྣོན་བྱས་ཤིང་། སྤྱི་ཚོགས་རྩ་འཛུགས140ཐོ་འགོད་བྱས་ཡོད། ཁུལ་ཡོངས་ཀྱི་རྒན་གསོའི་སྒྲིག་གཞིར་ཕྱོགས་ཡོངས་ནས་བདེ་འཇགས་གནད་དོན་གྲལ་བཤེར་དང་། མེ་ཟོན་དང་འཕྲོད་བསྟེན་ཚད་གཞི་ལོན་མེད་པ། རྒན་གསོའི་ཞབས་ཞུའི་བྱེད་སྒོ་སྤེལ་སྐབས་ཁྲིམས་དང་མི་མཐུན་པ་སོགས་ཀྱི་གནད་དོན་དུས་ཐོག་ཏུ་སྙན་སེང་ཞུས་པ། དག་ཐེར་གྱི་བརྡ་ཐོ་བཏང་བ། འཕྲལ་མར་བཅོས་སྒྲིག་བྱེད་དུ་བཅུག་པ། བདེ་འཇགས་ཀྱི་གནད་དོན་མེད་པ་བཅས་བྱས་ནས་རྒན་རྒོན་གྱི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་པ་རེད། 

ལོ་ཙཱ་བ། ཀླུ་མོ།