《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྡོ་བརྐོས་རིག་གནས་སྲུང་སྐྱོབ་དོ་དམ་སྲོལ་ཡིག》ལག་བསྟར་བྱས་པ།

གསར་འགོད་པས་ཤེས་གསལ་ལྟར་ན། 2019ལོའི་ཟླ11ཚེས1ཉིན་ནས་བཟུང《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྡོ་བརྐོས་རིག་གནས་སྲུང་སྐྱོབ་དོ་དམ་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་འདུག  2019ལོའི་ཟླ9ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་ཐོག《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྡོ་བརྐོས་རིག་གནས་སྲུང་སྐྱོབ་དོ་དམ་སྲོལ་ཡིག》(གཤམ་ནས《སྲོལ་ཡིག》ཞེས་འགོད་རྒྱུ)ལ་ཆོག་མཆན་ཐོབ་ཅིང་།   དེ་ནི་ཡུལ་ཤུལ་གྱི་རྡོ་བརྐོས་རིག་གནས་སྲུང་སྐྱོབ་དང་དོ་དམ་ལ་ཤུགས་སྣོན་དང་། རིག་གནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད། རྡོ་བརྐོས་རིག་གནས་ཀྱི་ལོ་རྒྱུས་དང་སྒྱུ་རྩལ། ཚན་རིག་གི་རིན་ཐང་བཅས་ལ་ཞིབ་འཇུག་བྱ་ཆེད་དང་། ཡུལ་ཤུལ་གྱི་སྲོལ་རྒྱུན་རྡོ་བརྐོས་རིག་གནས་ཕུལ་བྱུང་འཛིན་སྐྱོང་སྤེལ་གསུམ་བྱ་ཆེད་གཏན་ལ་ཕབ་པ་ཞིག་རེད།

《སྲོལ་ཡིག》ནང་སྤྱིའི་དོན་ཚན་དང་སྲུང་སྐྱོབ་དོ་དམ། རྒྱུན་འཛིན་བེད་སྤྱོད། ཁྲིམས་ལུགས་འགན་འཁྲི། ཟུར་བྱུང་དོན་ཚན་བཅས་ཚུད་པའི་ལེའུ་ལྔ་དང་དོན་ཚན་བཅུ་གཉིས་འདུ་ལ། དེ་དག་ནི་ས་གནས་ཀྱི་གནས་ཚུལ་དངོས་དང་ཡུལ་ཁོངས་དང་མི་རིགས་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ་ཡུལ་ཤུལ་རྡོ་བརྐོས་རིག་གནས་སྲུང་སྐྱོབ་དོ་དམ་ཁྲོད་གནས་པའི་གནད་དོན་འབུར་ཐོན་ཅན་ཐག་གཅོད་དང་སྲུང་སྐྱོབ་དོ་དམ་ལ་ཤུགས་སྣོན་ཆེད་བཏོན་པ་ཞིག་རེད།

《སྲོལ་ཡིག》ནང་ཐོག་མར་རྡོ་བརྐོས་རིག་གནས་ཀྱི་ནང་དོན་གཏན་འཁེལ་དང་། དེ་ནས་ཁུལ་དང་རྫོང(གྲོང་ཁྱེར)སྲིད་གཞུང་དང་དེའི་རིག་གནས་གཙོ་གཉེར་ཚན་པ་དང་། བཅོས་སྒྱུར་གོང་སྤེལ། ནོར་སྲིད་ལ་སོགས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁྲི་དང་། ཡུལ་ཚོ(གྲོང་རྡལ)དང་སྲང་ལམ་དོན་གཅོད་ཁང་། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་། རང་བྱུང་སྲུང་སྐྱོབ་ཁུལ། ལྗོངས་ཁུལ་དོ་དམ་ལས་ཁུངས། གྲོང་ཚོའི(སྡོད་དམངས)ཨུ་ཡོན་ལྷན་ཁང་། ཆོས་ལུགས་ཀྱི་ཆོ་ག་སྤེལ་ཡུལ་བཅས་ཀྱི་འགན་འཁྲི་སོ་སོ་གསལ་འབེབས་བྱས། དེ་བཞིན་དུ་སྲུང་སྐྱོབ་དོ་དམ་ལ་བྱེ་བྲག་ཏུ་རིགས་དགར་ནས་རྡོ་བརྐོས་རིག་དངོས་ལ་དུས་བཅད་ནང་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན། ཉེན་ཁར་དཔྱད་དཔོག་གི་ལམ་ལུགས་བཟོས་ཡོད་པ་དང་། ས་རྐོ་རྡོ་སློག་ལ་སོགས་ཀྱི་རྡོ་བརྐོས་རིག་དངོས་གཏོར་བརླག་གི་བྱ་སྤྱོད་རིགས་བདུན་གཏན་འགོག་དང་། རྡོ་བརྐོས་དང་བྲག་བརྐོས་གསར་རྐོ་ཐད་ཀྱི་ལྟ་སྐུལ་དོ་དམ་ནན་འཛིན་ལ་སོགས་ཀྱི་བྱེད་ཐབས་གསལ་འབེབས་བྱས་འདུག གཞན་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་དང་། གཟུགས་མིན་ཤུལ་བཞག་རིག་གནས་བཅའ་ཁྲིམས། རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག རང་ཞིང་གི་ལག་བསྟར་སྲོལ་ཡིག་སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཏན་འབེབས་གཞིར་བཟུང་ནས་ཁྲིམས་འགལ་གྱི་ཉེས་ཆད་བྱེ་བྲག་ཏུ་གཏན་ལ་ཕབ་ཅིང་། ཁྲིམས་ལུགས་ཀྱི་འགན་ཁྲི་ཞིབ་ཕྲ་བཟོས་ཡོད་པས་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པའི་བཀོལ་སྤྱོད་ཀྱི་རང་བཞིན་ཆེ་ཆེར་ལྡན།


《སྲོལ་ཡིག》གིས་རྒྱུན་འཛིན་དར་སྤེལ་གྱི་ངོས་ཐད་ནས་རིག་གནས་སྣ་མང་རང་བཞིན་དང་མིའི་རིགས་ཀྱི་གསར་གཏོད་ནུས་པ་ཆེར་བསྐྱེད། དམངས་སེམས་དང་དམངས་སྲོལ་བརྩི་འཇོག་གི་ཕྱོགས་ནས་གཏན་འབེབས་བཟོས་ནས་རྡོ་བརྐོས་རིག་གནས་ཐོན་ལས་དང་ཡུལ་སྐོར་བྱ་གཞག་མཉམ་སྤེལ་ལ་སྐུལ་འདེད་བྱས་ཡོད་པ་དང་། དམིགས་སུ་རྡོ་བརྐོས་དང་བྲག་བརྐོས་གསར་པ་དང་གསར་རྐོ་ལ་དགོས་ངེས་ཀྱི་སྒྲིག་སྲོལ་བཏོན་ནས། སྣོད་བཅུད་ཁོར་ཡུག་གཏོར་བརླག་མི་ཡོང་བ་དང་འཆམ་མཐུན་མིན་པའི་རྙོག་དྲ་ཅི་རིགས་མི་འབྱུང་བར་ཆ་རྐྱེན་བསྐྲུན།

ཤེས་གསལ་ལྟར་ན། ཡུལ་ཤུལ་གྱི་རྡོ་བརྐོས་དེ་ཡུལ་ཁོངས་དེའི་ག་ས་གང་དུ་མཐོང་ཐུབ་ལ། རྣམ་པ་སྣ་ཚོགས་ཡིན་པས་མཚོ་བོད་མཐོ་སྒང་གི་རྡོ་བརྐོས་རིག་གནས་ཀྱི་སྲོལ་ཆེ་ཆེར་དར་ས་ཞིག་ཏུ་ཆགས་ཡོད། ལྷག་པར་རྡོ་བརྐོས་ཀྱི་ཁྱབ་ཚུལ་དང་ཤུལ་བཞག་གི་གཞི་ཁྱོན་ཆེ་བ། དུས་ཀྱི་བར་བརྒལ་རིང་བ། རིགས་མང་པ། རིག་གནས་ནང་སྙིང་ཕུན་སུམ་ཚོགས་པ། ཉར་འཇོག་ཆ་ཚང་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་འཛམ་གླིང་ཐོག་མཐོང་དཀོན་པའི་མཐོ་སྒང་གི་རྡོ་བརྐོས་རིག་གནས་ཀྱི་གནས་མཆོག་ཏུ་གྲགས་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།