ལོ་འཁོར་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་འཁོར་བདུན་ཅུའི་མཚར་སྡུག་འཕེལ་རྒྱས། ---2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོ་ཐེམ་ཆེན་རྫོང་དུ་བསྐྱོད་པ།

ཐེམ་ཆེན་རྫོང་སྲིད་གྲོས་ཀྱི་འགོ་ཁྲིད་ལས་བྱེད་པས་སྨྱན་སྦྱོར་གསར་འགོད་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཉེ་སྔོན།“ལོ་འཁོར70ཡི་ཆབ་སྲིད་གྲོས་མོལ། ལོ་འཁོར70ཡི་མཚར་སྡུག་འཕེལ་རྒྱས”—2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་ཚོགས་པ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་སྲིད་གྲོས་སུ་བཅར་འདྲི་བྱེད་པར་བསྐྱོད་པ་དང་། གསར་འགོད་པས་རྫོང་དེའི་སྲིད་གྲོས་འགོ་ཁྲིད་ལས་བྱེད་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

ཉེ་བའི་ལོ་ཤས་རིང་། ཐེམ་ཆེན་རྫོང་སྲིད་གྲོས་ཀྱིས་རྫོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཤིང་། རང་འགུལ་ངང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྤྱི་ཁོག་གི་ཐབས་ཇུས་ཐད་གྲོས་མོལ་ཡག་པོ་འདོན་པ། གོ་རིམ་གལ་ཆེན་ཐད་གཞོགས་འདེགས་ཡག་པོ་བྱེད་པ། ལས་དོན་ཞིབ་ཕྲའི་ཐད་མཐུན་སྦྱོར་ཡག་པོ་བྱེད་པ། རང་འགུལ་ངང་རྫོང་ཨུད་ལ་ལོ་ཧྲིལ་པོའི་བྱ་བའི་བཀོད་སྒྲིག་སྙན་སེང་ཞུ་བ་བཅས། ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་ལས་ཀའི་བརྗོད་བྱའི་སྐོར་རྫོང་ཨུད་ཀྱི་འགོ་ཁྲིད་གཙོ་བོར་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་དང་། རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་སྲིད་གྲོས་ཀྱི་ཚོགས་འདུ་གལ་ཆེན་དང་བྱེད་སྒོ་གལ་ཆེན་ནང་གདན་འདྲེན་ཞུས་ནས། སྲིད་གྲོས་ཀྱི་བྱ་བའི་ཐོག་མཐའ་བར་གསུམ་དུ་རྫོང་ཨུད་ཀྱི་ལྟེ་བའི་བྱ་བ་དང་མཉམ་དུ་བསྒྲུབ་ཐུབ་པར་འགན་ལེན་བྱས་ཏེ། རྫོང་ཨུད་ཀྱི་འདོད་ཚུལ་དེ་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་གང་ཐུབ་བྱས་རེད།

བཞུགས་མོལ་ཚོགས་འདུར་ཞུགས་པའི་གསར་འགྱུར་ཚན་པ་ཁག་གི་གསར་འགོད་པ།

དེང་གི་ཆར། ཐེམ་ཆེན་རྫོང་སྲིད་གྲོས་སུ་ཁྱོན་རིགས12ཡོད་ལ། ཀྲུང་གུང་ལས་རིགས་དང་། བཟོ་ཚོགས། གུང་གཞོན་ཚོགས་པ། བུད་མེད་ཚོགས་པ། སྤྱི་དབང་མིན་པའི་དཔལ་འབྱོར་ལས་རིགས། སློབ་གསོ་ལས་རིགས། དཔལ་འབྱོར་ལས་རིགས། འཕྲོད་བསྟེན་ལས་རིགས། ཁེ་ལས་ལས་རིགས། མི་རིགས་ལས་རིགས། ཆོས་ལུགས་ལས་རིགས། ཚན་རྩལ་ལས་རིགས། དམངས་གཙོ་ཏང་ཤོག་ལས་རིགས། འབྲོག་ལས་ལས་རིགས་བཅས་རེད། རིགས་ཁོངས་དེ་དག་ནང་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཨུ་ཡོན་རྣམས་ལོ་ལྟར་གཞི་རིམ་དུ་རྟོག་ཞིབ་གཏིང་ཟབ་བྱས་ནས་ཇུས་འདོན་ལས་རོགས་ཡག་པོ་བྱེད་ཀྱི་ཡོད། འཕེལ་རྒྱས་ལ་སྐུལ་འདེད་གཏང་བ་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དེ་འགན་འཁྲི་སྒྲུབ་པའི་ལས་འགན་ཨང་དང་པོར་བརྩིས་ནས། རྫོང་ཡོངས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འགག་རྩའི་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། རིམ་པ་མང་བ་དང་རྣམ་པ་མང་བའི་གྲོས་མོལ་བྱེད་སྒོ་སྤེལ་ནས་སྲིད་གླེང་ཇུས་འདོན་ཧུར་ཐག་དང་ཇུས་འབུལ་ཤུགས་འདོན་བྱས་ཡོད། ཚང་འཛོམས་གྲོས་ཚོགས་དང་རྒྱུན་ཨུའི་གྲོས་ཚོགས་སོགས་ཀྱི་ལས་སྟེགས་སྤྱད་ནས་བགྲོ་གླེང་གཏམ་བཤད་དང་ཆེད་དོན་བཞུགས་མོལ་སོགས་ཀྱི་རྣམ་པ་བརྒྱུད་དེ། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལ་དམིགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འབུར་ཐོན་གནད་དོན་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ལ་དམིགས་ནས། གྲོས་མོལ་དང་གྲོས་བསྡུར་བྱས་ཤིང་། སྲིད་གྲོས་དང་ཐབས་འདོན་ཧུར་ཐག་བྱས་ཡོད་ལ། ལོ་འཁོར་གྱི་གྲོས་མོལ་འཆར་གཞི་དོན་འཁྱོལ་ནན་ཏན་བྱས་ཏེ་ཆེད་དོན་ཚོགས་ཆུང་བཙུགས་ཤིང་།“འོས་འགན་སློབ་གསོ”དང“གནད་སྨིན་དབུལ་སྐྱོར”“ཆེད་ལས་མཉམ་ལས་ཁང”“སྨན་བཅོས་འཕྲོད་བསྟེན”“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་”སོགས་གཙོ་གནད་རྟོག་ཞིབ་གང་ལེགས་བྱས་པའི་རྨང་གཞིའི་ཐོག སྔ་རྗེས་སུ་རྟོག་ཞིབ་སྙན་ཞུ་མང་པོ་ཞིག་རྫོང་ཨུད་དང་རྫོང་སྲིད་གཞུང་ལ་ཕུལ་ནས་ཐབས་ཇུས་དཔྱད་གཞིར་མཁོ་འདོན་བྱས་པ་བསྟན།

གསར་འགོད་པས་ཐེམ་ཆེན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧོ་ཙེ་པའོ།

ཐེམ་ཆེན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧོ་ཙེ་པའོ་ཡིས་བཤད་རྒྱུར། 2019ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལོ་ཞིག་དང་། རྒྱལ་ཁབ་བཙུགས་ནས་ལོ་འཁོར70ལོན་པ། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་ཀྱང་ཡིན། ལོ་འདིའི་ནང་ང་ཚོས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དགུ་པ་དང་། རྫོང་ཨུའི་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་གྲོས་མོལ་དམངས་གཙོར་ཤུགས་སྣོན་གསར་པ་བརྒྱབ་པ་དང་། དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་གསར་པ་བྱས་པ། ལམ་ལུགས་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་པ་བྱུང་ལ། མཐུན་སྒྲིལ་ལ་ཤུགས་སྣོན་གསར་པ་བགྱིས་པ། འགན་འཁྲི་སྒྲུབ་ནུས་ཆེ་རུ་ཕྱིན་པ། མི་དམངས་སྲིད་གྲོས་ཀྱི་ལས་དོན་མདུན་ཕྱོགས་སུ་སྔར་བས་སྐུལ་འདེད་བཏང་བ་བཅས་བྱས་ཡོད་ལ། ཐེམ་ཆེན་རྫོང་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་གྲོས་གཞི་སྒྲུབ་པའི་ལམ་སྲོལ་གཏིང་ཟབ་ཏུ་གཏང་རྒྱུ་མཐའ་འཁྱོངས་དང་། གྲོས་གཞི་སྒྲུབ་གཉེར་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་པ། སྤུས་ལེགས་ཀྱི་འདུ་ཤེས་དར་སྤེལ་གཏང་བ། གྲོས་གཞིའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏང་བ། གྲོས་གཞིའི་དམིགས་སའི་རང་བཞིན་དང་ཚན་རིག་རང་བཞིན་ཆེ་རུ་གཏང་བ་བཅས་བྱས་ཤིང་། གྲོས་གཞིའི་ཨུ་ཡོན་གྱིས་གྲོས་གཞི་སྒྲུབ་པའི་སྡེ་ཚན་དང་ངོ་ཐུག་ནས་བསམ་བློ་བརྗེ་རེས་དང་བཞུགས་མོལ་བྱེད་པ། ཡུལ་དངོས་སུ་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གྲོས་གཞི་གཙོ་གནད་ལ་ལྟ་སྐུལ་བྱས་ཡོད་ལ། ཨུ་ཡོན་གྱི་བློ་ཡིད་ཚིམ་ཚད་བསྡུ་ལེན་བྱས་པ་མ་ཟད། དོན་འཁྱོལ་གནད་ལ་འཁེལ་མེད་པའམ་ཨུ་ཡོན་གྱི་བླང་བྱ་དང་མཐུན་མེད་པའི་གྲོས་གཞི་དང་བསམ་འཆར་དང་གྲོས་འགོ་སླར་ཡང་བཀོད་སྒྲིག་བྱས་པ། དོན་འཁྱོལ་ལ་ལྟ་སྐུལ་བཅས་བྱས་པས་ཨུ་ཡོན་གྱི་གྲོས་གཞི་དང་། དེ་བཞིན་བསམ་འཆར་དང་གྲོས་འགོ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་ནུས་ལྡན་བཏང་ཤིང་། གྲོས་གཞི་སྒྲུབ་པའི་སྤུས་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད། རྫོང་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན། ཁྱོན་གྲོས་གཞི24འབྱོར་བ་དང་ཞིབ་བཤེར་བྱས་པ་བརྒྱུད་གྱོད་གཞི9ཐོ་འགོད་བྱས་ཤིང་། ད་ལྟ་ཚང་མ་བསྒྲུབས་ནས་ལན་བཏབ་པ་ཟིན་ཟེར།

ཐེམ་ཆེན་རྫོང་སྲིད་གྲོས་ཀྱིས་རྩོམ་སྒྲིག་པར་སྐྲུན་བྱས་པའི་དཔྱད་གཞིའི་དཔེ་དེབ།

ཧོ་ཙེ་པའོ་ཡིས་གསར་འགོད་པར་བཤད་རྒྱུར། དུས་རབས་གསར་པར་སླེབས་པ་དང་འགོ་འཛུགས་ས་གསར་པར་སླེབས་པས། མི་དམངས་སྲིད་གྲོས་ཀྱི་ལས་འགན་ནི་གཟི་བརྗིད་ལྡན་པ་ཞིག་རེད། ཐེམ་ཆེན་རྫོང་སྲིད་གྲོས་ཀྱིས་རྫོང་ཨུའི་འགོ་ཁྲིད་འོག་དང་། རྫོང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་དང་། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་དང་གཞོགས་འདེགས་འོག་གསར་འབྱེད་གསར་གཏོད་དང་། སྟོབས་ཤུགས་གཅིག་སྒྲིལ། ལེགས་ཆ་འདོན་སྤེལ། བྱ་བ་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། ཐེམ་ཆེན་རྫོང་འདི་ཉིད་སྔར་བས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བདེ་སྐྱིད་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱ་ཆེད་མི་དམངས་སྲིད་གྲོས་ཀྱི་ནུས་པ་ཧུར་ཐག་གིས་འདོན་རྒྱུ་ཡིན་ཟེར།