མཚོ་སྔོན་གྱིས་རླངས་འཁོར་ཁ་ལོ་པའི་ལག་རྟགས་ཀྱི་རྒྱུགས་ལེན་གྲོན་དངུལ་ཚད་ལྡན་དུ་གཏན་འཁེལ་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། མཚོ་སྔོན་གྱི་རླངས་འཁོར་ཁ་ལོ་པའི་ལག་རྟགས་ཀྱི་རྒྱུགས་ལེན་གྲོན་དངུལ་དོ་དམ་སྔར་ལས་ཚད་ལྡན་དང་ཤུགས་སྣོན། རླངས་འཁོར་ཁ་ལོ་པའི་རྒྱུགས་ལེན་བྱ་བ་རྒྱུན་ལྡན་ལྟར་སྤེལ་ཐུབ་པར་འགན་ལེན་བྱ་ཆེད། ཉེ་སྔོན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས《མཚོ་སྔོན་གྱི་རླངས་འཁོར་ཁ་ལོ་པའི་ལག་རྟགས་ཀྱི་རྒྱུགས་ལེན་གྲོན་དངུལ་ཚད་ལྡན་དུ་གཏོང་བའི་ཐད་ཀྱི་བརྡ་སྦྱོར》བཀྲམས་ཏེ། འབྲེལ་ཡོད་དོན་ཚན་གྱི་བཀོད་ཁྱབ་གཤམ་གསལ་ལྟར།

རྒྱུགས་ལེན་གྲོན་དངུལ་བསྡུ་བའི་ཕྱོགས་ནས།

རླངས་འཁོར་གྱི་རིགས། འགྲིམ་འགྲུལ་བཅའ་ཁྲིམས་དང་བདེ་འཇགས་ཐད་ཀྱི་རྒྱུན་ཤེས་སོགས་གཞུང་ལུགས་ཀྱི་རྒྱུགས(རྒྱུགས་གཞི་དང་པོ)ལ་མི་རེར་སྒོར40དང་། རྒྱུགས་གཞི་གཉིས་པར་མི་རེར་སྒོར190། རྒྱུགས་གཞི་གསུམ་པར(ཉིན་མཚན་གཉིས་ཀའི་རྒྱུགས་གཞི་འདུ)མི་རེར་སྒོར100རེ་དགོས་པ་རེད། རྐང་གསུམ་རླངས་འཁོར་དང་དལ་བགྲོད་དབོར་འདྲེན་རླངས་འཁོར། འཕྲུལ་རྟ་བཅས་ཀྱི་ཁ་ལོ་པའི་ལག་རྟགས་ཀྱི་རྒྱུགས་ལེན་གྲོན་དངུལ་གོང་གི་གྲོན་དངུལ་གྱི་ཕྱེད་ཀ་སྤྲད་དགོས། གལ་ཏེ་ཐོག་དང་པོར་རྒྱུགས་མ་འཕྲོད་ཚེ་རིན་མེད་སྒོས་ཐེངས་གཅིག་ལ་བསྐྱར་རྒྱུགས་སྤྲད་ཆོག བསྐྱར་རྒྱུགས་ཡང་མ་འཕྲོད་ཚེ་ཡང་བསྐྱར་རྒྱུགས་ལེན་རེ་ཞུ་བྱ་དགོས་ཤིང། རྒྱུགས་ལེན་གྲོན་དངུལ་གོང་གི་ཚད་གཞི་ལྟར་སྤྲད་དགོས་པ་རེད།

《བརྡ་སྦྱོར》ལས་བསྟན་དོན། རིམ་པ་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་ནི་རླངས་འཁོར་ཁ་ལོ་པའི་ལག་རྟགས་ཀྱི་གྲོན་བསྡུ་ལས་ཁུངས་གཙོ་བོ་ཡིན་ལ། རྒྱུགས་ལེན་གྲོན་དངུལ་ཁ་ལོ་པའི་གསོ་སྦྱོང་ལས་ཁུངས་གཅིག་གིས་ཀྱང་ཚབ་བསྡུ་བྱ་མི་ཆོག་པར་མ་ཟད། གོང་དུ་བཏོན་པའི་གྲོན་དངུལ་ཕུད་རྒྱུགས་ལེན་ར་བ་དང་རྒྱུགས་ལེན་རླངས་འཁོར་སྤྱོད་དངུལ་སོགས་གྲོན་དངུལ་གཞན་པའང་གཅིག་ཀྱང་བསྡུ་མི་ཆོག གྲོན་དངུལ་བསྡུ་སྐབས། ནོར་སྲིད་སྡེ་ཁག་གི་གཅིག་གྱུར་ཐམ་ཀ་བརྒྱབས་ཡོད་པའི་འཛིན་ཤོག་སྤྱད་དགོས་ཤིང་། ཟི་ལིང་གྲོང་ཁྱེར་གྱིས་གྲོན་དངུལ་གྲོང་ཁྱེར་རིམ་པའི་རྒྱལ་མཛོད་ཁང་ལ་སྤྲད་དགོས་པ་ཕུད། ས་གནས་གཞན་གྱི་གྲོང་ཁྱེར་དང་ཁུལ་གྱིས་གྲོན་དངུལ་ཡོངས་སུ་རྫོགས་པ་ཞིང་ཆེན་རིམ་པའི་རྒྱལ་མཛོད་ཁང་ལ་སྤྲད་དེ། “གྲོན་དངུལ་བསྡུ་གཏོང”དོ་དམ་ལག་བསྟར་བྱ་དགོས་ཞེས་བསྟན་པ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི《བརྡ་སྦྱོར》(མཚོ་སྔོན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྲོན་བསྡུ་ཨང་རྟགས〔2013〕843པ)2019ལོའི་ཟླ11པའི་ཚེས1ཉིན་ནས2024ལོའི་ཟླ10པའི་ཚེས31ཉིན་བར་དུ་ལག་བསྟར་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།