མྱུར་ལམ་སྟེང་རླངས་འཁོར་ཧ་ཅང་དལ་དྲགས་པར་གཟབ་དགོས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ནས་དབྱིན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱི་ལེ1484མཚམས་སུ་དབོར་འདྲེན་རླངས་འཁོར་ཞིག་དང་རླངས་འཁོར་ཆུང་བ་གཉིས་ལ་དོན་རྐྱེན་བྱུང་ནས་མི་ལ་རྨས་སྐྱོན་ཐེབས་མེད་པ་རེད། ཉེན་རྟོག་པ་ཡུལ་དངོས་སུ་སོང་ནས་མྱུར་བགྲོད་གཞུང་ལམ་གྱི་བརྙན་མིག་ལས་བལྟས་པ་ན། དོན་རྐྱེན་བྱུང་རྐྱེན་ནི་རླངས་འཁོར་ཆུང་བ་དེ་གཞུང་ལམ་གྱི་གཡས་ཕྱོགས་སུ་བགྲོད་སྐབས། རླངས་འཁོར་གྱི་མྱུར་ཚད་ཧ་ཅང་དལ་དྲགས་པས(ཆེས་དམའ་བའི་མྱུར་ཚད་གྱི་ཆུ་ཚོད་གཅིག་ལ་སྤྱི་ལེ60ལས་ཀྱང་དལ་བ)དབོར་འདྲེན་རླངས་འཁོར་ཆུང་བ་ཞིག་གིས་གཡོལ་མ་ཐུབ་པར་ཐུག་བརྒྱབས་པ་རེད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་ལག་བསྟར་སྲོལ་ཡིག》དོན་ཚན་བདུན་བཅུ་དོན་བརྒྱད་ལྟར་ན། མྱུར་བགྲོད་གཞུང་ལམ་སྟེང་བགྲོད་སྐབས་མྱུར་ལམ་གྱི་མདའ་རྟགས་ལྟར་བགྲོད་དགོས་ཤིང་། ཆེས་མགྱོགས་པའི་མྱུར་ཚད་ཆུ་ཚོད་གཅིག་ལ་སྤྱི་ལེ120ལས་མགྱོགས་མི་རུང་བ་དང་། ཆེས་དལ་བའི་མྱུར་ཚད་ཆུ་ཚོད་གཅིག་ལ་སྤྱི་ལེ60ལས་དལ་མི་རུང་བ་རེད།

ཉེན་རྟོག་པས་གསལ་འདེབས་བྱ་རྒྱུར།

རྒྱ་ཆེའི་རླངས་འཁོར་ཁ་ལོ་པ་དག་གིས་མྱུར་བགྲོད་གཞུང་ལམ་སྟེང་བགྲོད་སྐབས། “མྱུར་ཚད”ལས་བརྒལ་མི་རུང་བར་མ་ཟད་དེ་ལས་ཀྱང“དལ་ཚད”ལས་དལ་མི་རུང་། གལ་ཏེ“དལ་ཚད”ལས་དལ་ན་མྱུར་ལམ་སྟེང་གི་རྒྱུན་ལྡན་ལྟར་རླངས་འཁོར་སྐོར་བའི་སྒྲིག་རིམ་ལ་གཏོར་བརླག་བཟོས་པ་དང་རླངས་འཁོར་གཏོང་ཚད་ཀྱི་གྲུབ་འབྲས་ཇེ་དམའ་རུ་བཏང་བར་མ་ཟད། མྱུར་བགྲོད་གཞུང་ལམ་སྟེང་གི་ཉེན་ཁ་ཆེ་བའི་འགལ་རྐྱེན་དུ་གྱུར་ཏེ། རླངས་འཁོར་རྒྱུན་ལྡན་ལྟར་བགྲོད་པར་ཤུགས་རྐྱེན་ཐེབས་ངེས།

རླངས་འཁོར“ཧ་ཅང་དལ་བའི”སྒོ་ནས་སྐོར་བའི་རྒྱུ་རྐྱེན།

1.ཁ་ལོ་པ་གསར་པས་རླངས་འཁོར་སྐོར་སྐབས། ཉེན་ཁ་དང་རྡུང་ཐུག་རྒྱག་པ། ལམ་འཆུག་པ་སོགས་སེམས་སུ་སྐྲག་སྣང་སྣ་ཚོགས་ཤར་ནས་རླངས་འཁོར་ཇེ་དལ་དུ་བཏང་ནས་སྐོར་བ།

2.རླངས་འཁོར་སྐོར་སྐབས་ལག་འཁྱེར་ཁ་པར་ལ་བལྟ་བ། གལ་ཏེ་རླངས་འཁོར་སྐོར་སྐབས་ལག་འཁྱེར་ཁ་པར་ལ་བལྟས་ན་ཁ་ལོ་པས་མཉམ་འཇོག་བྱེད་ཚད་ལ་ཤུགས་རྐྱེན་ཐེབས་ནས་དོན་རྐྱེན་འབྱུང་སླ་བ།

3.རླངས་འཁོར་སྐོར་སྐབས་ལམ་ལ་ཆ་རྒྱུས་མེད་པ། མྱུར་ལམ་སྟེང་ནམ་རྒྱུན་སྔོན་གྱི་རླངས་འཁོར་དེ་ལམ་མདོ་དང་གཞུང་ལམ་གྱི་མདའ་རྟགས་ཉེ་འགྲམ་ནས་གློ་བུར་དུ་རླངས་འཁོར་ཇེ་དལ་དུ་བཏང་སྟེ་ལམ་གྱི་གནས་ཚུལ་ལ་བལྟ་བཞིན་པ་འཕྲད་ཐུབ། དེ་ལྟར་རླངས་འཁོར་སྐོར་བཞིན་ལམ་བཙལ་ན་རླངས་འཁོར་མཐའ་འཁོར་གྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་པར་ཤུགས་རྐྱེན་ཐེབས་ནས་དོན་རྐྱེན་འབྱུང་སླ་བ་རེད།


ལོ་ཙཱ་བ། ལྷ་ཆེན་རྒྱལ།