བྱིས་པ་ནི་སྔ་མོའི་ཉི་རྩེ་དང་འདྲ།

ཀྲུང་ཧྭ་མི་རིགས་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས། འདི་ལྟ་བུའི་གནས་བབ་ལེགས་པའི་འོག་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་དང་འགན་འཁྲི་རུ་གྱུར་ཡོད། དེ་བས་ངེད་བྱིས་སྐྱོང་གླིང་གིས་ས་གནས་སྲོལ་རྒྱུན་རིག་གནས་བསྡུ་ལེན་དང་འབད་འབུངས་སྒོ་ནས་ས་གནས་ཁྱད་ཆོས་མངའ་བའི་རིག་གནས་གཙོར་བཟུང་སྟེ། སློབ་གསོ་འཕེལ་རྒྱས་ཡོང་བའི་ཐད་ལ་བྱེད་སྒོ་སྣ་མིན་སྤེལ། ང་ཚོས་རྟག་ཏུ་འཆད་རྒྱུར“བྱིས་པའི་བློ་གྲོས་ནི་ཁོའི་ལག་པར་རག་ལས” བྱིས་པ་རིག་སྟོབས་བཀྲ་བ་དང་ནུས་ལྡན་ཡོང་རྒྱུ་དེ་ལག་བཟོ་དང་རྒྱུ་ཆ་བཀོལ་ཤེས་བརྒྱུད་ནས་“ལག་འཇོན”ན“གྲུང་པོ”ཆགས་རྒྱུར་མངོན་འགྱུར་བྱུང་བ་ཡིན།

དེར་བརྟེན་ངེད་བྱིས་སྐྱོང་གླིང་གིས2019ལོའི་ཟླ10ཚེས25ཉིན།“ཁྱད་ལྡན་བློ་གསར་གདེངས་འཇོག”ཞེས་པའི་བྱེད་སྒོ་སྤེལ། ད་རེས་ལོ་རིམ་གྱི་ཁྱད་པར་གཙོ་བོར་ཕྱེ་ནས་བྱེད་སྒོ་སྤེལ་ཅིང་། འཛིན་གྲྭ་སོ་སོ་ནས་ལོ་རིམ་གྱི་ཁྱད་པར་ལྟར་རང་ངོས་ནས་བརྗོད་བྱ་འདེམ། བྱེད་སྒོའི་ཁྲོད་འཛིན་གྲྭ་ཁག་གིས་གྲ་སྒྲིག་གང་ལེགས་དང་བྱེད་སྒོའི་བརྗོད་བྱ་བྱིས་པ་གཙོ་བོར་བྱེད་པ་ཡིན་ཕྱིན། སློབ་གསོའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་ཞིང་། ཁྱད་ཆོས་ལྡན་པའི་བྱེད་སྒོའི་ཁྲོད་ས་གནས་ཐོན་ཁུངས་དེ་ཉིད་རྒྱུ་ཆར་བཀོལ་ནས་བྱིས་པའི་ལག་པ་འགུལ་ནས་བཟོ་བྱེད་པའི་བསམ་ཡན་གྱི་སྒོ་མོ་འབྱེད་པའི་ནུས་པ་མངོན་པར་བྱས། ཐེངས་འདིའི་བྱེད་སྒོ་ལ། འཛིན་གྲྭ་ཆུང་བའི་ཚོན་ལྡན་རི་མོ་སྦྱར་བ། འཛིན་གྲྭ་འབྲིང་བའི་ཁྱད་ལྡན་བོད་ཀྱི་ཐེ་གེ་རྩེད། འཛིན་གྲྭ་ཆེ་བའི་འཇིམ་བཟོ་བྱེད་པ་བཅས་རིམ་པ་གསུམ་དུ་ཕྱེ། བྱེད་སྒོའི་བྱ་དགའ་དེ། འཛིན་གྲྭའི་བྱ་དགའ་དང་མི་སྒེར་གྱི་བྱ་དགའ་བཅས་ཡོད་ལ། བྱ་དགའི་དངུལ་གྱི་མཐུན་རྐྱེན་སྦྱོར་མཁན་ནི་བྱིས་པའི་སློབ་གསོའི་བྱ་གཞག་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བྱེད་མཁན་གྱི་སྨན་པ་འཇམ་དབྱངས་ཡིན། ཁོང་གིས་ས་ཁུལ་གྱི་བྱིས་པའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད་མི་སྒེར་ནས་མ་དངུལ་སྒོར10000བྱ་དགའི་བདག་རྐྱེན་ལྟར་ཞལ་འདེབས་སུ་ཕུལ། 

ཁོས་བཤད་རྒྱུར་མི་གཞི་གསོ་སྐྱོང་དང་དཔེ་ཁྲིད་མི་སྐྱོང་བྱ་རྒྱུ་ནི་རྒྱ་ཆེའི་དགེ་རྒན་གྱི་བླ་ན་མེད་པའི་འགན་འཁྲི་ཞིག་ཡིན་ཞེས་ནན་བཤད་གནང་བ་རེད། དེ་དང་ཆབས་ཅིག་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཡིན་པ་དང་། མི་རིགས་དར་རྒྱས་གཏོང་དགོས་ན་སློབ་གསོར་བརྟེན་དགོས་ཤིང། སློབ་གསོ་དར་རྒྱས་གཏོང་རྒྱུའི་འགག་རྩ་ནི་དགེ་རྒན་ལ་རག་ལས་ཡོད་པས། ཁོང་གིས་སློབ་ཞུགས་གོང་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་དང་དོ་ཁུར་བྱེད་པ་མ་ཟད། མ་དངུལ་གཏོང་བའི་ཐད་ལ་སྔར་ཤུགས་སྣོན་རྒྱུ་དང་སློབ་གསོ་འཁྱོངས་ན་མི་གཞི་ལེགས་པོ་འཁྱོངས་ཐུབ་ཟེར། ད་རེས་ཀྱི་བྱེད་སྒོའི་འདིས་དགེ་རྒན་ཚོའི་ལས་ཀའི་ཧུར་སེམས་མངོན་པར་གོང་དུ་བསྟད། དགེ་རྒན་ཚོས་ཀྱང་སློབ་ཞུགས་གོང་གི་སློབ་གསོའི་འཕེལ་རྒྱས་དང་མདུན་ལམ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོ་ཚོར་ལྕག་སྐུལ་ཆེན་པོ་ཐེབས་ནས་སླད་ཕྱིན་གྱི་ལས་དོན་ཁྲོད་དེ་བས་སྤྲོ་སེམས་འཁོལ་བའི་ངང་འབད་འབུངས་བྱ་རྒྱུ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རྩི་གོར་ཐང་གྲོང་རྡལ་བུ་བཅོལ་ཁང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

གསར་འགོད་པ། ཕག་མོ་འཚོ།