རང་ཞིང་གིས་རིག་གནས་དམངས་ཕན་བྱང་བུའི་ཚོད་ལྟའི་ལས་གཞི་ཟི་ལིང་ནས་སྤེལ་ཏེ་མི་གྲངས་ཁྲི5ལ་ཐོག་མར་ཕན་ཁེ་བསྐྲུན།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ10ཚེས23ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དམངས་ཕན་བྱང་བུའི་ཚོད་ལྟའི་ལས་གཞི་འགོ་རྩོམ་པ་དང་བྱང་བུ་འགྲེམས་སྤེལ་བྱེད་པའི་མཛད་སྒོ་དེ་ཟི་ལིང་དུ་སྤེལ་བ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་སོགས་འབྲེལ་ཡོད་འགོ་ཁྲིད་དག་གྲོས་ཚོགས་ལ་ཞུགས་པ་མ་ཟད། བྱང་བུའི་འགྲོ་ལུགས་སྒྲུབ་པའི་མང་ཚོགས་ལ་རིག་གནས་དམངས་ཕན་བྱང་བུ་བཀྲམས།


མཛད་སྒོ་འགོ་བརྩམས་རྗེས་ཞིང་ཆེན་རིག་གནས་ཁང་སྐར་ཚོམ་ཟློས་གར་ཁང་གིས་ད་རུང་རིག་གནས་དམངས་ཕན་བྱང་བུ་ཐོག་མར་འགྲེམས་སྤེལ་གྱི་འཁྲབ་སྟོན“རི་ཆུ་ནི་ཇི་འདྲའི་ཡིད་དུ་འོངས་པ་ལ”ཞེས་པའི་མཉམ་བཀྲོལ་རོལ་མོའི་སྤྲོ་ཚོགས་བསྡུས།

རང་ཞིང་གི་རིག་གནས་ཐོན་ལས་རིགས་བཀར་ཚོང་རའི་གསབ་སྦྱོང་གི་ཚད་གཞི་གཞིར་བཟུང་སྟེ། རིག་གནས་དམངས་ཕན་བྱང་བུའི་འཛད་སྤྱོད་ཁྱབ་ཁོངས་དེས་གཙོ་བོ་རིག་རྩལ་འཁྲབ་སྟོན་གྱི་བརྗོད་བྱའི་རྨང་གཞིའི་སྟེང་། དཔེ་ཀློག་དང་ལྗོངས་ཁུལ་གྱི་སྒོ་བྱང་འཛིན་ཤོག་སོགས་མངགས་ཉོའི་ཐད་ཀྱི་ཞབས་ཞུ་ཡང་བསྣན་ཡོད་པ་རེད། རིག་གནས་དམངས་ཕན་བྱང་བུ་དེ་ཐོག་མར་ཟི་ལིང་ས་ཁུལ་གྱི་གཏན་སྡོད་སྡོད་དམངས་དག་གཙོར་བཟུང་སྟེ་བྱང་བུ་ཁྲི5འགྲེམས་སྤེལ་བྱས་ཤིང་། དངོས་མིང་ལམ་ལུགས་ཀྱི་བྱང་བུ་དང་མི་རེར་བྱང་བུ་གཅིག་རེ་གཏན་ཁེལ་བྱས། དེ་ཡང་ནོར་སྲིད་དང་བྱང་བུའི་བདག་པོ་གཉིས་ཀ4སྡུར1ལྟར་ནོར་སྲིད་ཁ་གསབ་རོགས་དངུལ་སྒོར400དང་བྱང་བུའི་བདག་པོས་སྒོར100སྤྲད་ཚེ། ཁྱོན་བསྡོམས་སྒོར500ཡོད། རིག་གནས་དམངས་ཕན་བྱང་བུ་དེས་ཞིང་ཆེན་དང་གྲོང་ཁྱེར་གྱི་རིག་རྩལ་ཁང་། དེ་མིན་ཡན་ལག་ཁང་སོ་སོ་བཅས་ཀྱི་འཁྲབ་གཞུང་འཁྲབ་སྟོན་འཛིན་བྱང་། དཔེ་ཀློག་དང་ལྗོངས་ཁུལ་གྱི་འཛིན་བྱང་། རིག་གནས་དམངས་ཕན་བྱང་བུའི་མ་དངུལ་འཚོལ་བསྡུའི་ཚོང་ར་ཅན་གྱི་འཁོར་སྐྱོད། ལས་གཉེར་ཀུང་ཟིས་བྱང་བུའི་བདག་པོ་ངོ་མའི་འཛད་སྤྱོད་རིན་དངུལ་གཞིར་བཟུང་སྟེ། འཁྲབ་སྟོན་ཁང་སོ་སོ་དང་ཞིན་ཧྭ་དཔེ་ཁང་། ཡུལ་སྐོར་ལྗོངས་ཁུལ་སོགས་ལ་དངོས་ཡོད་རྩིས་རྒྱག་གི་འགན་ཁུར་ཡོད།

ཐེངས་རྗེས་མར་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་ནན་ཏན་སྒོས་ལས་གཞིའི་བདག་དོམ་དང་བྱ་བའི་འཁོར་སྐྱོད་ཉམས་མྱོང་ལྟར། ལོ་རེར་གོ་རིམ་ལྡན་པའི་ངང་རིག་གནས་དམངས་ཕན་བྱང་བུའི་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་དེ་རིག་གནས་ཆེན་པོའི་ཁྱབ་ཁོངས་སུ་རྒྱ་སྐྱེད་པ་དང་། རིག་གནས་དམངས་ཕན་བྱང་བུའི་འཛད་སྤྱོད་པའི་ཁྱབ་རྒྱ་དང་ཁེབས་ཚད་ལ་འགན་བཅོལ་བྱས་ནས། ཕན་ནུས་ལྡན་པའི་ངང་རིག་གནས་ཐོན་ལས་ཀྱི་མཁོ་འདོན་མངོན་འགྱུར་དང་རིག་གནས་འཛད་སྤྱོད་ཀྱི་འཕར་ཚད་གསར་སྣོན། རིག་གནས་འཛད་སྤྱོད་མི་སྣའི་ཐོག་མའི་རེ་འདུན་ཚིམ་དུ་འཇུག་རྒྱུ་རེད། དེ་དང་ཆབས་ཅིག ཟི་ལིང་གྲོང་ཁྱེར་གྱིས་ཚོད་ལྟའི་རྨང་གཞིའི་སྟེང་ཞིང་ཆེན་ནོར་སྲིད་ཀྱི་རྒྱབ་སྐྱོར་བརྒྱུད། གྲོང་ཁྱེར་དང་ཁུལ་གྱི་ནོར་སྲིད་དངོས་འབེབས་མ་དངུལ་ཆ་ཚང་ཅན་གྱི་བྱེད་ཐབས་སྣེ་ཁྲིད་ལ་བརྟེན་ནས། རིག་གནས་དམངས་ཕན་བྱང་བུ་དེ་གྲོང་ཁྱེར་དང་ཁུལ་གཞན་དག་ལ་ཡང་དར་སྤེལ་གཏང་བར་སྐུལ་འདེད་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་ཕྱོགས་མང་པོ་ཞིག་ནས་རིག་གནས་བཅོས་སྒྱུར་བྱ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན་པ་རེད།

ཟི་ལིང་གྲོང་ཁྱེར་སྲིད་གཞུང་དང་ཀྲུང་གོའི་སྦྲགས་སྲིད་གསོག་ཉར་དངུལ་ཁང་མཚོ་སྔོན་ཡན་ལག་ཁང་། ཀྲུང་གོ་མཉམ་འབྲེལ། ཞིང་ཆེན་རྒྱང་སྒྲོག་ཅུའུ། ཞིང་ཆེན་རིག་རྩལ་མཉམ་འབྲེལ་གྱི་འབྲེལ་ཡོད་འགན་ཁུར་མི་སྣ། རིག་གནས་དང་བླངས་མཁན་དང་ཡུལ་དངོས་ཀྱི་མང་ཚོགས500ལྷག་ཐེངས་འདིའི་མཛད་སྒོར་ཟབ་ཞུགས་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།