རྒྱལ་ནང་གི་སྣུམ་རིན་དམའ་རུ་བཏང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་དུས་རྒྱལ་སྤྱིའི་ཁྲོམ་རའི་འགྱུར་ལྡོག་གི་གནས་ཚུལ་ལ་གཞིགས་ཤིང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་སྣུམ་གྱི་རིན་གོང་གྲུབ་པའི་ལམ་སྲོལ་གཞིར་བཟུང་། 2019ལོའི་ཟླ་10ཚེས་21ཉིན་གྱི་ཆུ་ཚོད་24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར་150དང་སྒོར་145ཆག་ཡོད་པ་རེད། ལེགས་སྒྲིག་བྱས་རྗེས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་དང་ལྟེ་བའི་གྲོང་ཁྱེར་གྱི་རླངས་སྣུམ་དང་ཁྲའེ་སྣུམ་སིལ་ཚོང་རིན་གོང་མཐོ་ཤོས་དེ་ཞར་བྱུང་རེའུ་མིག་ཏུ་བཀོད་ཡོད། འབྲེལ་ཡོད་རིན་གོང་མཉམ་འགུལ་དང་ཁ་གསབ་སྲིད་ཇུས་ད་ལྟ་ལག་བསྟར་བྱེད་བཞིན་པའི་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ་རེད།

རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་གྱིས་ཀྲུང་གོ་རྡོ་སྣུམ་དང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས། ཀྲུང་གོ་རྒྱ་མཚོའི་རྡོ་སྣུམ་བཅས་ཀུང་སི་ཆེན་པོ་གསུམ་གྱིས་ཐོན་སྐྱེད་དང་གཏོང་འདྲེན་སྒྲིག་འཛུགས་ཡག་པོ་བྱས་ནས་ཁྲོམ་རའི་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་དང་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་ནན་པོ་བྱེད་དགོས་པ་དང་། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲོམ་རའི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་མི་བྱེད་པའི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་རྒྱུན་གཏན་གྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པ། འཛད་སྤྱོད་པས་སྟེགས་བུ་12315ཡི་ཐོག་ནས་རིན་གོང་ཁྲིམས་འགལ་གྱི་བྱ་སྤྱོད་ཐེར་འདོན་བྱས་ཆོག་པ་བསྟན་ཡོད།

དྲ་ཚིགས་ཐོག་ད་དུང་ང་ཚོས་རིན་གོང་གྲུབ་པའི་ལམ་སྲོལ་འཁོར་རྒྱུག་གི་གནས་ཚུལ་ལ་རྗེས་སྙེག་དམ་ཟབ་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་རྡོ་སྣུམ་ཁྲོམ་རའི་དུས་བབ་ཀྱི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ནས་སྔར་བས་ཞིབ་འཇུག་དང་འཐུས་ཚང་དུ་གཏོང་བཞིན་ཡོད་ཅེས་བསྟན་འདུག