ཁྲིམས་བཀོད་གཉེན་སྒྲིག་ལོ་ཚོད་ལ་འགྱུར་བ་གཏོང་དགོས་སམ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། དམངས་དོན་ཁྲིམས་གཞུང་གི་གཉེན་སྒྲིག་ཁྱིམ་ཚང་སྐོར་གྱི་འཆར་ཟིན་སྤྱི་ཚེས་21ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧྲེན་ཁྲུན་ཡའོ་ཡིས་འཆར་ཟིན་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུ་གནང་སྐབས། རང་རྒྱལ་གྱི་ད་ལྟ་ལག་ལེན་བསྟར་བཞིན་པའི་གཉེན་སྒྲིག་བཅའ་ཁྲིམས་ནང་གཉེན་སྒྲིག་བྱེད་པའི་ལོ་ཚད་ནི་སྐྱེས་པ་ལོ་ན22དང་བུད་མེད་ལོ་ན་20བར་སླེབས་དགོས་པ་གཏན་འབེབས་བྱས་ཡོད། དམངས་དོན་ཁྲིམས་གཞུང་གི་གཉེན་སྒྲིག་ཁྱིམ་ཚང་སྐོར་གྱི་འཆར་ཟིན་ནང་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁྲིམས་བཀོད་གཉེན་སྒྲིག་ལོ་ཚད་ཀྱི་གཏན་འབེབས་རྒྱུན་འཁྱོངས་བྱས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་པུའུ་སོགས་དང་ཞིབ་འཇུག་ནན་ཏན་བྱས་རྗེས་འདོད་པར། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁྲིམས་བཀོད་གཉེན་སྒྲིག་ལོ་ཚད་ཀྱི་གཏན་འབེབས་དེ་རྒྱ་ཆེའི་སྤྱི་ཚོགས་སྤྱི་དམངས་ཀྱིས་གསལ་པོ་ཤེས་པ་དང་ཁས་ལེན་ཐོབ་ཡོད་པ་དང་། གལ་ཏེ་བཟོ་བཅོས་བརྒྱབ་ཚེ་དེ་ནི་གཉེན་སྒྲིག་ལམ་ལུགས་བཟོ་བཅོས་ཆེན་པོ་བརྒྱབ་པའི་ཁོངས་སུ་གཏོགས་པས། བརྟག་དཔྱད་ཞིབ་འཇུག་གང་ལེགས་དང་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དཔྱད་དཔོག་བྱས་རྗེས་ད་གཟོས་ཇུས་ཐག་གཅོད་དགོས་པ་དང་། ཁྲིམས་བཀོད་གཉེན་སྒྲིག་ལོ་ཚད་དེ་གནས་སྐབས་འགྱུར་བ་མི་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད།

དེའི་གོང་ཨུ་ཡོན་གྱིས་ཁྲིམས་བཀོད་གཉེན་སྒྲིག་ལོ་ཚད་འོས་འཚམ་ངང་དམའ་རུ་གཏོང་རྒྱུའི་གྲོས་འགོ་བཏོན་པ་དེར་མི་མང་པོའི་དོ་སྣང་ཆེན་པོ་ཐེབས་ཡོད།

ཨུ་ཡོན་ཀྲང་སུའུ་ཅུན་གྱིས་ཁྲིམས་བཀོད་གཉེན་སྒྲིག་ལོ་ཚད་དེ་སྐྱེས་པ་དང་བུད་མེད་ཚང་མ་ལོ་18བར་བཅོས་རྒྱུའི་གྲོས་འགོ་བཏོན་ཞིང་། ཁོང་གིས་རང་རྒྱལ་གྱི་གཉེན་སྒྲིག་མི་གྲངས་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་ཡོད་པ་དང་། གཉེན་སྒྲིག་ལོ་ཚད་དམའ་རུ་བཏང་ན་གཉེན་སྒྲིག་མི་གྲངས་མར་ཆག་པ་དང་རྒན་པ་མང་དུ་ཕྱིན་པའི་གནས་ཚུལ་ལ་ཐད་ཀར་འགྱུར་བ་གཏོང་མི་ཐུབ་མོད། འོན་ཀྱང་ཕྲུ་གུ་སྐྱེ་རྒྱུར་སྐུལ་མ་གཏོང་བའི་སྲིད་ཇུས་རབ་དང་རིམ་པས་གཞོགས་འདེགས་བྱས་ཚེ་རིམ་བཞིན་ཐག་གཅོད་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་དང་། དེ་དང་ཆབས་ཅིག་དེ་ནི་དམངས་ཁྲིམས་ཀྱི་སྤྱིའི་དོན་ཚན་ནང་གི་དར་མའི་གཉེན་སྒྲིག་ལོ་ཚད་སྐོར་གྱི་གཏན་འབེབས་དང་མཐུན་གྱི་ཡོད་ཅེས་བརྗོད་ཡོད།

དེ་ལྟར་ཡིན་མོད། 《མི་དམངས་ཉིན་རེའི་ཚགས་པར》ཐོག་སྤེལ་བའི་དྲ་རྒྱའི་འདེམས་ཤོག་འཕེན་པའི་བྱེད་སྒོ་ཞིག་ལས་མངོན་པའི་གནས་ཚུལ་ལྟར་ན། དྲ་གྲོགས་བཅུ་ཆ་དགུ་ཙམ་གྱིས་ཁྲིམས་བཀོད་གཉེན་སྒྲིག་ལོ་ཚད་དམའ་རུ་གཏོང་རྒྱུར་ངོ་རྒོལ་བྱས་ཡོད་པ་དང་། ཐ་ན་མི་ལ་ལས་གཉེན་སྒྲིག་གི་ལོ་ཚོད་ཇེ་མཐོར་གཏོང་དགོས་པའི་བསམ་འཆར་བཏོན་ཡོད།

དངོས་ཡོད་འཚོ་བའི་ཁྲོད། ཀྲུང་གོའི་གཉེན་སྒྲིག་བྱེད་ཚད་བསྟུད་མར་ལོ་ལྔའི་རིང་མར་ཆག་པའི་སྣང་ཚུལ་ཐོན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་དམངས་སྲིད་པུའི་གྲངས་གཞི་ལས་མངོན་པར་གཞིགས་ན། 2013ལོ་ནས་བཟུང་རྒྱལ་ཡོངས་སུ་གཉེན་སྒྲིག་བྱེད་ཚད་ལོ་རེ་བཞིན་མར་ཆག་ཡོད་པ་སྟེ། རེ་རེ་བཞིན་སྟོང་ཆ་9.6དང་། སྟོང་ཆ་9 སྟོང་ཆ་8.3 སྟོང་ཆ་ 7.7བཅས་ལས་ཟིན་མེད་ཅིང་། 2018ལོར་སླེབས་སྐབས་སྟོང་ཆ་7.2ལས་ཟིན་མེད་པ་མ་ཟད། དཔལ་འབྱོར་དར་རྒྱས་ཇི་ཙམ་ཆེ་ན་གཉེན་སྒྲིག་བྱེད་ཚད་ཀྱང་དེ་ཙམ་གྱིས་དམའ་བ་ཡོད་པ་རེད།

གཞོན་ནུ་ཚོས་བལྟས་ན། དེང་རབས་ཀྱི་སྤྱི་ཚོགས་ནང་གཉེན་སྒྲིག་ནི་འཚོ་བའི་ཁྲོད་ངེས་པར་མཁོ་བའི་བྱ་དངོས་ཤིག་མིན་པ་མ་ཟད། ཐ་ན་མི་མང་པོ་ཞིག་ཁེར་འདུག་བྱེད་རྒྱུར་དེ་བས་དགའ་བོ་ཡོད་པ་རེད། འབྲེལ་ཡོད་ཆེད་མཁས་པས་སྣང་ཚུལ་དེས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པར་སེམས་ཁྲལ་བྱེད་བཞིན་ཡོད། ཧྲང་ཧའེ་དངུལ་རྩ་དང་བཅའ་ཁྲིམས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིའུ་ཡོན་ཅུས་ཀྱིས་ཕྲུ་གུ་སྐྱེ་ཚད་མཐོ་རུ་གཏོང་ཆེད་ན་གཞོན་རྣམས་ཀྱིས་གཉེན་སྒྲིག་དང་ཕྲུ་གུ་སྐྱེ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་འདོན་དགོས་པའི་ངོས་འཛིན་གནང་འདུག