《མདོ་དབུས་མཐོ་སྒང་གི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྡུས》ཞེས་པ་དངོས་སུ་པར་འགྲེམས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ10ཚེས17ཉིན། པེ་ཅིན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གཉིས་ཀྱིས་མཉམ་དུ་རྩོམ་སྒྲིག་བྱས་པའི《མདོ་དབུས་མཐོ་སྒང་གི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྡུས》ཞེས་པ་དངོས་སུ་པར་འགྲེམས་བྱས།

དཔེ་ཚོགས་དེའི་ཁོངས་སུ་ཉེ་རབས་སུ་མཚོ་སྔོན་ལ་རྟོག་ཞིབ་ཟིན་ཐོ་དང་བརྟག་དཔྱད་རྒྱུ་ཆ་ཕྱོགས་བསྡུས་ཁྱོན་དེབ40ཡོད། རྒྱ་བོད་ལོ་རྒྱུས་ཚིག་མཛོད་གནད་བསྡུས། ཁྱོན་དེབ20ཡོད། ཆིང་རྒྱལ་རབས་ཀྱི་དམག་འཛིན་ཡེས་ལེ་ཡི་བསམ་འཆར་ཞུ་ཡིག་བདམས་སྒྲིག། ཁྱོན་དེབ18ཡོད་ལ། ནང་དོན་གྱི་ཆ་ནས་ས་ཁམས་དང་ཐོན་རྫས། ཆབ་སྲིད། དམག་དོན། དཔལ་འབྱོར། ཆོས་ལུགས། དམངས་སྲོལ། སྐད་བརྡ་སོགས་ཀྱི་ཁྱབ་ཁོངས་མ་འདུས་པ་མེད་པས། མཐོང་རྒྱ་ཡངས་ཤིང་སྒྲོམ་གཞི་རྒྱ་ཆེ་པས། ཁྱབ་ཁོངས་མང་པོར་གཏོགས་པའི་ནང་དོན་འཐུས་ཚང་ཅན་གྱི་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཡིན། དེས་ཤེས་ལྡན་པ་དག་གིས་ཞིབ་འཇུག་དང་འགོ་ཁྲིད་ཀྱི་ཐབས་ཇུས། བདག་དོམ་མཁན་གྱི་སྲིད་གཉེར་སོགས་ཀྱི་ཐད་ལ་དངོས་ཡོད་ཀྱི་དཔྱད་གཞི་ཕུན་སུམ་ཚོགས་པ་ཞིག་མཁོ་འདོན་གནང་ཡོད་ལ། དེ་ཡང་འདས་སོང་ལ་ཟུར་ལྟ་དང་ལོ་རྒྱུས་ལ་གསལ་འབྱེད། ཤེས་རབ་ཀྱི་བློ་སྒོ་འབྱེད་པ་སོགས་ཀྱི་ཐད་ལ་དོ་སྣང་གལ་ཆེན་བྱེད་རན་ཡོད་པའི་དཔྱད་གཞིའི་རིན་ཐང་ཅན་གྱི་ཡིག་ཆ་ཞིག་ཡིན།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གསོ་ཧྲི་ཕེ་ཅོན་གྱིས་བསྟན་དོན། དཔྱད་གཞིའི་རྒྱུ་ཆ་ཕྱོགས་བསྡུས་ཀྱིས་པར་འགྲེམས་ལེགས་འགྲུབ་བྱུང་བ་ནི། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་པེ་ཅིན་དགེ་ཐོན་སློབ་ཆེན་གྱི་མཐོ་སྒང་ཚན་རིག་དང་མུར་བསྟུན་འཕེལ་རྒྱས་ཞིབ་འཇུག་གླིང་གཉིས་ཀྱིས་རྩ་འཛུགས་བཙུགས་པ་བརྒྱུད། མདོ་དབུས་མཐོ་སྒང་གི་ལོ་རྒྱུས་རིག་གནས་ཞིབ་འཇུག་ཐད་ཀྱི་ཚན་རིག་གི་ཞིབ་འཇུག་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་སྲིད་གཞུང་གིས་མཐོ་སློབ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བཟོ་སྐྲུན་ཚད་ལྡན་ཅན་གྱི་གྲུབ་འབྲས་ཤིག་ཀྱང་ཡིན་པས། རིག་གཞུང་གི་རིན་ཐང་དང་ཆབ་སྲིད་ཀྱི་རིན་ཐང་ངེས་ཅན་ལྡན།

མ་འོངས་བར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་མུ་མཐུད་དུ་ཁ་གཏད་རོགས་སྐྱོར་གྱི་གར་སྟེགས་འདིར་བེད་སྤྱོད་གང་ལེགས་བྱས་ཏེ། མཐོ་སྒང་གི་ཚན་རིག་དང་མུར་བསྟུན་འཕེལ་རྒྱས་ཞིབ་འཇུག་གླིང་གིས་སྔར་ལས་ལྷག་པའི་སྒོ་ནས་མཐོ་དབུས་མཐོ་སྒང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཞུ་བསྐྲུན། དེ་ཡང་ཐོན་ཁུངས་དང་ཁོར་ཡུག ནུས་ཁུངས་གསར་བ། རང་བྱུང་གནོད་འཚེ་སྔོན་འགོག་ཉུང་འཕྲི། ལག་རྩལ་གསར་གཏོད་སོགས་ཀྱི་ཁྱབ་ཁོངས་ཁྲོད་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།