ཞིང་ཡོངས་ཕྱུགས་སྨན་འཛིན་དཔང་རྩིས་འཁོར་ལས་རྒྱུགས་ལེན་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་སྨན་པའི་ཐོབ་ཐང་གི་རྒྱུགས་གཞི་་ཟི་ལིང་གྲོང་ཁྱེར་གྱི་མཁར་བྱང་ཁུལ་མདོ་ལ་ལམ་གྱི་སློབ་ཆུང་དུ་བླངས་པ་དང་། ཞིང་ཆེན་ཡོངས་ནས་མིང་ཐོ་བཀོད་དེ་རིན་དངུལ་སྤྲད་པའི་རྒྱུགས་ཞུགས་པ་མི་གྲངས265ཡོད། ཚད་ལྡན་གྱི་རྒྱུགས་ར10དང་གྲ་སྒྲིག་རྒྱུགས་ར1། རྒྱུགས་ལེན་ལྟ་རྟོག་མི་སྣ20། རྒྱུགས་ལེན་སྐོར་ཞིབ་མི་སྣ8། ལྟ་སྐུལ་བདག་དོམ་མི་སྣ14། སྐོར་ཞིབ་ལྟ་སྐུལ་བ8བཅས་བཀོད་སྒྲིག་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། རྒྱུགས་ལེན་སྐབས་སུ་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་ཝང་ཡེས་ཧུའུ་དང་ཐིན་ཀྲང་གཞོན་པ་དབྱང་ལེན་གཉིས་ཀྱིས་རྒྱུགས་ར་ལ་དངོས་སུ་སྐོར་གཡེང་དང་མཛུབ་སྟོན་བྱས་པ་རེད། རྒྱུགས་ལེན་སྐབས་སུ་རིམ་པ་སོ་སོའི་བྱ་བ་དག་ནི་སྒྲིག་སྲོལ་གྱི་བླང་བྱ་ལྟར་སྒྲུབ་པ་དང་། ལྟ་སྐུལ་མཁན། རྒྱུགས་ལེན་སྐོར་ཞིབ་པ། རྒྱུགས་ལེན་མཁན་དག་དུས་ལྟར་ལས་གནས་སུ་ཐོན་པ་དང་། རང་གི་ལས་འགན་ནུས་པ་ནན་ཏན་སྒོས་ལག་བསྟར་བྱེད་པ། རྒྱུགས་རའི་སྒྲིག་ལམ་དམ་སྲུང་དང་རྒྱུགས་རའི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་ཡོད་པ་རེད།

མཚོ་སྔོན་རྒྱུགས་ཁུལ་གྱི་རིམ་པ་སོ་སོའི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་འགན་སྲུང་ཁག་ཐེག་བྱ་ཆེད། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་རྒྱུགས་ཁུལ་འགོ་ཁྲིད་ཚན་ཆུང་དང་རྒྱུགས་ཁུལ་གཞུང་སྒྲུབ་ཁང་གཉིས་རྩ་འཛུགས་དང་གསར་འཛུགས་བྱས་ཏེ། དུས་ལྟར《2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་སྨན་པའི་ཐོབ་ཐང་གི་རྒྱུགས་ལེན་སྤྱི་བསྒྲགས》ཁྱབ་སྒྲོག་བྱས། སློབ་གྲྭ་དང་གཞིས་ཁུལ། སྨན་བཅོས་སྒྲིག་གཞི་བཅས་ལ་དྲིལ་སྒྲོག་ཞིབ་འཇུག་སྒོས་མིང་ཐོ་འགོད་པའི་གནས་མི་འདྲ་བ8དང་དྲ་ཐོག་མིང་ཐོ་འགོད་སའི་རོགས་རམ་གནས42གསར་འཛུགས་བྱས་ཏེ། ཆེད་དུ་མི་སྣ་མངགས་ནས་རྒྱུགས་ཞུགས་མི་སྣའི་མིང་ཐོ་འགོད་སྟངས་ཐད་ལ་འདྲི་རྟོག་དང་ལེན་བྱས།

གླེང་རིན་ཡོད་པ་ཞིག་ལ་ད་ལོ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཤོག་ངོས་རྒྱུགས་ལེན་དངོས་སུ་ལག་བསྟར་བྱས་པའི་ཆེས་མཐའ་མཇུག་གི་ལོ་ཡིན་ལ། སང་ལོ་ནས་བཟུང་རྒྱལ་ཡོངས་དང་མཉམ་དུ་ཕྱུགས་ལས་སྨན་པའི་ཐོབ་ཐང་གི་རྒྱུགས་གཞི་དེ་རྩིས་འཁོར་སྟེང་ནས་རྒྱུགས་ལེན་རྒྱུ་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན། ཐེངས་རྗེས་མར་མཚོ་སྔོན་ཞིང་ཆེན་གྱིས་དྲིལ་སྒྲོག་དང་མིང་ཐོ་འགོད་པ། འདྲི་རྟོག་བྱེད་པ། རིན་དངུལ་སྤྲོད་པ། རྒྱུགས་ལེན་པ། དཔང་ཡིག་སྟེར་བ། ཐོ་འགོད་བྱེད་པ། ལས་རིགས་བདག་དོམ་སོགས་རིམ་པ་མི་འདྲ་བ་སོ་སོའི་ཐད་ཀྱི་གློག་རྡུལ་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཕྱུགས་ལས་སྨན་པའི་ལས་རིགས་མི་སྣའི་རྒྱུགས་ལེན་ཧུར་བརྩོན་རང་བཞིན་མཐོར་འདེགས་དང་རྒྱུགས་ལེན་སྟབས་བདེ་ཅན་ལ་སྐུལ་འདེད། བདག་དོམ་བརྡ་འཕྲིན་ཅན་བཅས་ལ་གཏོང་རྒྱུ་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།