མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་གི་དཀའ་ཁག་ཆེ་བའི་མང་ཚོགས་ལ་དྲོད་རླངས་མཁོ་འདོན་གྱི་རོགས་དངུལ་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཉེ་ལམ་གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་གི་དཀའ་ཁག་ཆེ་བའི་མང་ཚོགས་ལ་དགུན་དུས་ཀྱི་དྲོད་རླངས་རོགས་དངུལ་སྤྲད་དེ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱིས་དྲོད་ཁོལ་ལྡན་པའི་ངང་དགུན་གྱི་དུས་ཚིགས་སྐྱེལ་བར་འགན་སྲུང་ཁག་ཐེག་བྱས།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། མཁར་གྲོང་གི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱིས་དྲོད་ཁོལ་ལྡན་པའི་དགུན་དུས་ཤིག་སྐྱེལ་བར་འགན་སྲུང་བྱ་ཆེད། ཞིང་ཆེན་དམངས་སྲིད་ཐིན་གྱིས་ས་ཁུལ་སོ་སོའི་དམངས་སྲིད་ཐིན་གྱི་རེ་འདུན་བླང་བྱ་ལྟར། དཀའ་ཁག་ཆེ་བའི་མང་ཚོགས་ལ་དྲོད་རླངས་མཁོ་འདོན་ཐད་རོགས་དངུལ་སྤྲོད་པའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། གྲོང་ཁྱེར་གྱི་འགན་སྲུང་དམའ་བ་དག་གཞིར་བཟུང་སྟེ། གྲོང་ཁྱེར་གྱི་ཧ་ཅང་དབུལ་བོ་ཡིན་པའི་ཁྱིམ་ཚང་རེར་ལོ་རེར་སྒོར1000རེ་གནང་། ཞིང་གྲོང་གི་འགན་སྲུང་དམའ་བའི་ཁྱིམ་ཚང་དང་ཞིང་གྲོང་གི་ཧ་ཅང་དབུལ་བོ་ཡིན་པའི་ཁྱིམ་ཚང་ལ་ཁ་གཏད་དེ་ཁྱིམ་ཚང་རེར་ལོ་རེར་སྒོར800རེ་གནང་། ཟླ10ཚེས15ཉིན་དྲོད་འདོན་རོགས་སྐྱོར་དངུལ་དེ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ལག་ལ་སྤྲད། དེ་དང་ཆབས་ཅིག་དཀའ་ཁག་ཆེ་བའི་ཚོགས་སྤྱིའི་གཞི་རྩའི་འཚོ་བར་ཡང་དོ་ཁུར་དམ་ཟབ་སྒོས་དགུན་ཚིགས་ཀྱི་དྲོད་འདོན་ཐད་ལ་དཀའ་ཁག་ཡོད་པའི་ཁྱིམ་ཚང་དག་ལ་ཡང་དུས་ལྟར་རོགས་སྐྱོར་བྱེད་པའི་བྱེད་ཐབས་བརྒྱུད་དེ་གནད་དོན་ཐག་གཅོད་བྱས་པ་རེད།

དུས་ད་ལྟའི་བར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མགོ་ལོག་ཁུལ། མཚོ་ནུབ་ཁུལ་བཅས་ཀྱིས་དྲོད་འདོན་རོགས་སྐྱོར་མ་དངུལ་སྟེར་བའི་བྱ་བ་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱས་ཤིང་། དེ་ལས་དྲོད་འདོན་རོགས་དངུལ་སྤྲད་མེད་པའི་ས་ཁུལ་དག་གིས་ཉིན་འདི་དག་གི་རིང་ལ་མར་སྤྲད་རྒྱུ་ཡིན་པ་རེད། ཐེངས་འདིའི་དགུན་ཚིགས་དྲོད་འདོན་རོགས་སྒྲུབ་སྲིད་ཇུས་ཀྱིས་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་དཀའ་ཁག་ཆེ་བའི་ཁྱིམ་ཚང་ཁྲི13.65ཡི་མང་ཚོགས་ལ་ཕན་བདེ་བསྐྲུན་ཞིང་། སྔོན་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར1.2མར་གནང་རྒྱུ་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།