ཨ་མདོ་བརྙན་འཕྲིན་གྱི་བཅའ་ཁྲིམས་སྤྱི་ཕན་གློག་བརྙན་ཐུང་གྲས་ཐོག་མ་རྨོངས་བརྙན་ཕབ་མགོ་བརྩམས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ༡༠ཚེས༡༥ཉིན། ཨ་མདོ་བརྙན་འཕྲིན་གྱི་བཅའ་ཁྲིམས་སྤྱི་ཕན་གློག་བརྙན་ཐུང་གྲས་ཐོག་མ༼རྨོངས༽ཞེས་པ་དེ་རང་ཞིང་གི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ནས་བརྙན་འབེབ་མགོ་བརྩམས། ༢༠༢༠ལོ་ནི་བཅའ་ཁྲིམས་ཁྱབ་གདལ་གྱི་ལོ་ལྔའི་འཆར་གཞི་བདུན་པ་མཇུག་བསྡུ་བའི་ལོ་ཡིན་ཞིང་། ཏང་དང་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་དུས་སྐབས་འདི་ལ། ཨ་མདོ་བརྙན་འཕྲིན་གྱི་ཁྲིམས་ལུགས་ལེ་ཚན༼ཁྲིམས་བཤད་སྐར་མ་ཉི་ཤུ༽ཡིས་ནམ་རྒྱུན་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་བ་ཤུགས་ཆེར་སྤེལ་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཞབས་འདེགས་མི་ཆུང་བ་ཞུ་བཞིན་ཡོད། ལྷག་པར་ད་ཐེངས་སྔར་བྱུང་བའི་དངོས་ཡོད་ཀྱི་གྱོད་གཞི་ཞིག་ལ་གཞི་བཅོལ་ཏེ། མི་སྣའི་བཞེངས་སྐྲུན་དང་གཏམ་རྒྱུད་ལ་བརྟེན་ནས་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོ་གང་དེར་ཁྲིམས་ལུགས་ཤེས་བྱས་དབེན་ཞིང་ཁྲིམས་ཀྱི་གནས་ལ་རྨོངས་པའི་རྐྱེན་གྱིས། རང་ཉིད་ལ་གནས་ལུགས་ཡོད་ཀྱང་མཐའ་མར་ཁྲིམས་ཀྱི་སྒྲོག་ལ་ཚུད་པའི་ཡིད་སྐྱོའི་གཏམ་རྒྱུད་ཅིག་ཇི་བཞིན་དུ་འཁྲབ་ཡོད་པས་མི་སེམས་སྒུལ་ཅིང་བཅའ་ཁྲིམས་ཀྱི་བློ་བསྐྱེད་སྟེར་ཐུབ་པ་ཞིག་ཡིན་འདུག

བརྙན་ཐུང་འདིའི་རིང་ཚད་སྐར་མ་སུམ་ཅུ་ཡས་མས་ཡིན་ཞིང་། ད་ལོའི་ཟླ༡༢པའི་ཚེས༤སྟེ་རྩ་ཁྲིམས་དྲིལ་སྒྲོག་ཉིན་མོར་ཨ་མདོ་བརྙན་འཕྲིན་ནས་གཏོང་འཆར་ཡོད་པས་ཀུན་གྱིས་དུས་ལྟར་གཟིགས་པར་དགའ་བསུ་ཞུ།

བརྙན་ཐུང་འདི་ཕབ་སྐྲུན་ལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་ཁྲིམས་འཛིན་ཅུས་ནས་རྒྱབ་སྐྱོར་ཆེན་པོ་ཐོབ།