སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱ་བར་དག་ཐེར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་འགྲེམས་སྟོན་བྱས་པའི་བདེ་ཐང་མཚོ་སྔོན་གྱི་མཁའ་སྲུང་རིམ་བསྟར་བྱ་འགུལ་ཁྲོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འཕྲོད་བསྟེན་བདེ་ཐང་ལྟ་སྐུལ་བདག་དོམ་སྒྲིག་འཛུགས་ཀྱི་ལྟ་སྐུལ་བདག་དོམ་ཞིབ་བཤེར་ཁྲོད་རིམ་པ་མི་འདྲ་བའི་ལས་ཁུངས13809ལ་ལྟ་སྐུལ་ཞིབ་བཤེར་གསལ་བོ་བྱས་ཤིང་། ཁྲིམས་ལྟར་གྱོད་དོན་མི་འདྲ་བ384དང་དངུལ་ཆད་མི་འདྲ་བ་ཁྲི143.73བཅད། ཁྲིམས་འགལ་གཞུང་བཞེས་ཀྱི་མ་དངུལ་སྒོར་ཁྲི9.48ཡིན་པ་རེད། གྱོད་དོན་ཐག་གཅོད་དང་ཁྲིམས་ཆད་མ་དངུལ་གྱིས་མཐོ་གསར་ཞིག་བསྐྲུན་པ་རེད།

ཉེ་བའི་ལོ་ངོ་གསུམ་གྱི་རིང་ལ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཞིང་ཆེན་ཡོངས་སུ་མཚོ་སྔོན་གྱི་བདེ་སྲུང་རིམ་བསྟར་བྱེད་སྒོ་སྤེལ་ཅིང་། མང་ཚོགས་ཀྱི་འཚོ་བར་འབྲེལ་བ་དམ་པོ་ཡོད་པའི་སྨན་བཅོས་འཕྲོད་བསྟེན་དང་སྤྱི་གཞུང་འཕྲོད་བསྟེན་གྱི་ཁྱབ་ཁོངས་སུ་ཡོད་པའི་ཁྲིམས་འགལ་བྱ་སྤྱོད་དང་རྙོག་དྲ་ལ་དག་ཐེར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་ལ་འགེབས་སྲུང་ནུས་ལྡན་ཞིག་བྱས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཕྲོད་བསྟེན་བདེ་ཁང་གི་ཁྱབ་ཁོངས་ཁྲོད་གནས་པའི་སྤྱི་ཚོགས་ཀྱི་དོ་སྣང་རང་བཞིན་དང་མང་ཚོགས་ཀྱིས་རེ་ཞུ་བྱེད་པའི་གནད་དོན་འབུར་ཐོན་ཅན་བཅས་ལ་དོ་སྣང་ཆེན་པོ་བྱས་ཏེ། མུ་མཐུད་དུ་སྨན་བཅོས་ཀྱི་འཕྲོད་བསྟེན་དང་སྤྱི་གཞུང་གི་འཕྲོད་བསྟེན། འགོས་ནད་སྔོན་འགོག སྨན་བཅོས་གད་སྙིགས་བྱ་དངོས་ལ་བདག་དོམ། བཏུང་ཆུ་དང་ཆུའི་ཐོན་ལས་ཀྱི་འཕྲོད་བསྟེན། འཆར་ལྡན་བུ་སྐྱེ་ལག་རྩལ་ཞབས་ཞུ་བཅས་ཀྱིས་གོམ་གང་མདུན་སྤོས་སྒོས་བརྡ་ཁྱབ་ཆེད་དོན་དག་ཐེར་སོགས་ལོ་གཅིག་གི་བདེ་ཐང་མཚོ་སྔོན་གྱི་བདག་སྲུང་རིམ་བསྟར་བྱ་འགུལ་ཁྲོད་ནས་བྱིས་པའི་འགུལ་སྐྱོད་ཁྲོད་དུ་བཞག་པ་དང་། དཔྱིད་སྟོན་དུས་ཚིགས་སྐབས་ཀྱི་སློབ་གྲྭའི་སྤྱི་གཞུང་འཕྲོད་བསྟེན་དོན་དག་གི་ཉེན་ཁའི་འགལ་རྐྱེན་འདྲ་མིན་ལ་རྩད་གཅོད་སྒོས་སྨན་བཅོས་མཛེས་སྤྲས་སྒྲིག་གཞིའི་ཆེད་དོན་དག་ཐེར་སྒོས་ཁྲིམས་འགལ་སྨན་བཅོས་ལ་རྡུང་རྡེག་བཏང་ཤིང་། ཚབ་སྦྲུམ་ལ་རྡུང་རྡེག་དང་ཐོ་འགོད་ཨང་རྟགས་ཀྱི་ཉོ་འཚོང་དང་དྲ་རྒྱའི་སྨན་བཅོས་སོགས་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ནན་མོ་བྱས། ལྟ་སྐུལ་བདག་དོམ་བྱ་བའི་ཁྲིམས་འཛིན་ཚད་གཞི་ཆེས་ཆེར་བཏང་པ་དང་། སྤྱི་གཞུང་འཕྲོད་བསྟེན་དང་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཁྱབ་ཁོངས་སུ་གནས་པའི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་དང་རྙོག་དྲ་ལ་གཅིག་བསྡུས་སྒོས་དག་ཐེར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་ཁྲོམ་རའི་སྒྲིག་སྲོལ་དང་སྤྱི་གཞུང་ཡུལ་དངོས་འཕྲོད་བསྟེན་བྱ་བའི་ཁོར་ཡུག་སྒྲིག་སྲོལ་ཅན་ཏུ་བཏང་ན། སྤྱི་གཞུང་འཕྲོད་བསྟེན་དང་ལས་རིགས་འཕྲོད་བསྟེན་གྱི་བདེ་འཇགས་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་ཞིང་། ཞིང་ཆེན་ཡོངས་ཀྱིས་ཁྲིམས་ལྟར་གྱོད་དོན་མི་འདྲ་བ977ལས་ཆད་དངུལ་སྒོར་ཁྲི319.79བཅད་དེ་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་དང་ཚེ་སྲོག་བདེ་འཇགས་ཐད་ལ་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།