“རྩ་ཁྲིམས་དགོངས་དོན་དར་སྤེལ་བཏང་སྟེ་མཉམ་དུ་འཆམ་མཐུན་སློབ་ར་བསྐྲུན”ཞེས་པ་བརྗོད་དོན་ཡིན་པའི་ཁྲིམས་སྐྱོང་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ།

ཟླ10ཚེས14ཉིན། ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་དང་རྨ་བྱང་ཞང་ཁྲིམས་འཛིན་ཁང་། རྨ་བྱང་ཞང་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས“རྩ་ཁྲིམས་དགོངས་དོན་དར་སྤེལ་བཏང་སྟེ་མཉམ་དུ་འཆམ་མཐུན་སློབ་ར་བསྐྲུན”ཞེས་པ་བརྗོད་དོན་ཡིན་པའི་ཁྲིམས་སྐྱོང་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ། ཁྱོན་བསྡོམས་དགེ་སློབ460ལྷག་བྱ་འགུལ་དུ་ཞུགས། ལས་སྒྲུབ་མི་སྣས་ཁ་གསལ་གོ་བདེ་ངང་ནས། ལོ་ན་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་ལོ་ན་མ་སོན་པའི་མིའི་ཉེས་དོན་སྔོན་འགོག་བཅའ་ཁྲིམས། དེ་མིན་མི་རིགས་མཐུན་སྒྲིལ་དང་ནག་འཇོམས་ངན་སེལ། སློབ་རའི་བརྙས་བཅོས་བཅས་ཐད་ཀྱི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་། ཡུལ་དངོས་ནས་ད་དུང་སློབ་གྲོགས་ཚོ་དང་མཉམ་དུ་བྱ་འགུལ་སྤེལ་ཏེ། བཅའ་ཁྲིམས་ལ་སློབ་སྦྱོང་བྱེད་པ་དང་བཅའ་ཁྲིམས་བརྩི་སྲུང་བྱེད་པའི་སློབ་མ་བཟང་བོ་ཞིག་བྱེད་རྒྱུར་སྐུལ་ཁྲིད་བྱས།

ལན་འདེབས་འགྲན་བསྡུར་སྤེལ་ཏེ་ཤེས་བྱ་རྒྱ་ཆེར་བསྐྱེད།

རྨ་བྱང་ཞང་ཁྲིམས་འཛིན་ཁང་དང་རྨ་བྱང་ཞང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡར་སྔོན་ནས་སློབ་མ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་མི་རིགས་མཐུན་སྒྲིལ། ནག་འཇོམས་ངན་སེལ། སློབ་རའི་བརྙས་བཅོས་ཐད་ཀྱི་ཤེས་བྱའི་རྒྱུགས་གཞི་ལེགས་སྒྲིག་བྱས་ཤིང་། ཡུལ་དངོས་ནས་དྲིལ་ལན་འདེབས་པའི་བྱེད་ཐབས་སྤྱད་དེ། སློབ་གྲྭའི་དགེ་སློབ་ཡོངས་ལ་ཤེས་བྱའི་འགྲན་བསྡུར་ཐེངས་ཤིག་སྤེལ་བས། སློབ་གྲྭ་འདིའི་སློབ་མས་བཅའ་ཁྲིམས་ཤེས་བྱར་ཁྱོན་ཡོངས་ནས་ངོས་ཟིན་ཟབ་མོ་ཐོབ།

དཔེ་དེབ་མང་པོ་གནང་སྟེ་མཁའ་དབུགས་ལེགས་པོ་བསྐྲུན།

ན་ཆུང་གཞོན་ནུ་ཚོར་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་ཆེད་དང་བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་ཆེད། རྨ་བྱང་ཞང་ཁྲིམས་འཛིན་ཁང་དང་རྨ་བྱང་ཞང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཔེ་དེབ་བསྐྱལ་བའི་བྱ་འགུལ་ཐེངས་ཤིག་སྤེལ། འདིས་ཞང་གྲོང་རྡལ་གྱི་སློབ་གྲྭའི་དཔེ་དེབ་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། སློབ་གྲོགས་ཚོའི་ལྟ་རྒྱ་དང་མཐོང་རྒྱ་ཆེ་ཆེར་བསྐྱེད་པ་དང་། རྒྱ་ཆེའི་དགེ་སློབ་ཡོངས་ཀྱིས་བཅའ་ཁྲིམས་སྦྱང་བར་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་འདུག

བརྩེ་སེམས་བརྒྱུད་སྤྲོད་བྱས་ཏེ་མ་འོངས་པ་གསར་དུ་བསྐྲུན།

རྨ་བྱང་ཞང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རྨ་བྱང་ཞང་ཁྲིམས་འཛིན་ཁང་གི་ལས་སྒྲུབ་མི་སྣས་སྣ་སོ་སོ་ནས་སློབ་གྲྭའི་དགེ་རྒན་ལ་ཁ་བརྡ་བརྗེ་རེས་བྱས་ཤིང་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། སློབ་རིམ་སོ་སོ་ནས་སྤྱོད་ཡོན་གཉིས་ལྡན་དང་ཆ་རྐྱེན་ཞན་པའི་སློབ་མར་བརྩེ་སེམས་བསྐྱལ་བའི་རོགས་སྐྱོར་བྱ་འགུལ་སྤེལ། དབུལ་ཕོངས་སློབ་མར་དཔེ་ཁུག་དང་སྨྱུག་སྒམ། ཞྭ་མོ། ལག་ཤུབས། སྐེ་དཀྲིས་སོགས་སློབ་སྦྱོང་དང་འཚོ་བའི་སྤྱོད་ཆས་གནང་སྟེ་ཏང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་དང་དྲོད་ཁོལ་མྱངས་སུ་བཅུག

ཐེངས་འདིའི་བྱ་འགུལ་ཁྲོད། ཁྱོན་བསྡོམས་ཤོག་ཕོར་དང་འཐེན་ཤོག་སོགས་ཁྲིམས་སྐྱོང་དྲིལ་སྒྲོག་རྒྱུ་ཆ1200ལྷག་བཀྲམ་གཏོང་བྱས་ཤིང་འཕྲེད་བྱང4བཀལ་ཏེ། ཁྲིམས་སྐྱོང་དྲིལ་སྒྲོག་བྱ་བར་མཁའ་དབུགས་ལེགས་པོ་ཞིག་བསྐྲུན། མཇུག་མཐར། སློབ་གཙོས་ཁྲིམས་འཛིན་ཁང་གི་ལས་སྒྲུབ་མི་སྣ་སློབ་གྲྭར་ཡོང་ནས་ཁྲིམས་སྐྱོང་སློབ་གསོའི་བྱ་འགུལ་མང་ཙམ་སྤེལ་ཏེ། སློབ་གྲོགས་ཚོའི་རྗེས་ཀྱི་བྱ་བ་དང་འཚར་ལོངས་འབྱུང་བར་དགེ་མཚན་ལྡན་པའི་ཕན་ནུས་བསྐྲུན་དགོས་པའི་བླང་བྱ་བཏོན།