2018ལོ་དང2019ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན།

2019ལོའི་ཟླ10བའི་ཚེས10ཉིན་གྱི་པེ་ཅིང་དུས་ཚོད་ཀྱི་དགུང་དྲོའི་ཆུ་ཚོད་བཅུ་དགུ་པར། སི་ཝེས་དན་རྩོམ་རིག་སློབ་གླིང་གིས་སི་ཐོག་ཁོར་མོ་རུ་བསྒྲགས་པའི་གནས་ཚུལ་ལྟར་ན། 2018ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཕོ་ལན་གྱི་རྩོམ་པ་པོ་ལྕམ་ཨོལ་གྷ་ཊོ་ཁཱར་ཛོག(Olga Tokarczuk)ལགས་ལ་སྤྲོད་རྒྱུ་དང་། 2019ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཨོ་སི་ཁྲི་ཡའི་རྩོམ་པ་པོ་སྐུ་ཞབས་པེ་ཊིར་ཧཱན་ཌིག (Peter Handke)ལགས་ལ་བསྩལ་ཏེ་ཁོང་གཉིས་ཀྱི་རྩོམ་རིག་ཐད་ཀྱི་གྲུབ་འབྲས་ལ་གཟེངས་བསྟོད་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།

སི་ཝེས་དན་རྩོམ་རིག་སློབ་གླིང་གིས་ལྕམ་ཨོལ་གྷ་ཊོ་ཁཱར་ཛོག་ལ “ཨོལ་གྷ་ཊོ་ཁཱར་ཛོག་ལགས་ཀྱིས་ཤེས་བྱ་ཀུན་བཏུས་རྣམ་པའི་སེམས་ཚོར་གྱི་ངར་ཤུགས་ལ་བརྟེན་ཏེ་འཆར་སྒོ་ཕུན་སུམ་ཚོགས་པའི་ལྷུག་རྗོད་ཀྱི་ཐབས་རྩལ་ལས་གང་ཞིག་ནས་རབ་ཏུ་བརྒལ་བའི་ཚེ་སྲོག་གི་མངོན་ཚུལ་ཞིག་བཞེངས་སྐྲུན་ཐུབ་ཡོད”ཅེས་པའི་མིང་ཐོག་ནས་ནོ་པེལ་རྩོམ་རིག་བྱ་དགའ་སྤྲད་ཡོད་པ་དང་། པེ་ཊིར་ཧཱན་ཌིག་ལ“པེ་ཊིར་ཧཱན་ཌིག་གིས་ཐུན་མོང་མ་ཡིན་པའི་རྗོད་པ་དང་བརྩམས་ཆོས་ཀྱི་ཤུགས་རྐྱེན་ལས་འགྲོ་བ་མིའི་ཉམས་མྱོང་གི་སོ་མཐའ་དང་དམིགས་བསལ་གྱི་ཁྱད་ཆོས་སྔོགས་ཐུབ་ཡོད”ཅེས་པའི་མིང་ཐོག་ནས་ནོ་པེལ་རྩོམ་རིག་བྱ་དགའ་སྤྲད་ཡོད།

ཨོལ་གྷ་ཊོ་ཁཱར་ཛོག(Olga Tokarczuk)

རྩོམ་པ་པོ་ལྕམ་ཨོལ་གྷ་ཊོ་ཁཱར་ཛོག་བརྩམས་ཆོས་ཀྱི་ཁྲོད་དུ་དམངས་ཁྲོད་ཀྱི་ངག་རྒྱུན་དང་། ལོ་རྒྱུས་སྙན་རྩོམ། ལྷ་སྒྲུང་། དེ་བཞིན་དེང་རབས་ཕོ་ལན་གྱི་འཚོ་བ་དང་མཛེས་ལྗོངས་བཅས་མཉམ་འདྲེས་བྱེད་མཁས་པོ་ཡོད། མོ་རང1962ལོར་སྐྱེས་པ་དང་། ཕོ་ལན་གྱི་ཤུགས་རྐྱེན་ཆེས་ཆེ་བའི་དེང་རབས་བརྩམས་སྒྲུང་གསར་རྩོམ་མཁས་ཅན་པའི་གྲས་ཡིན། 1987ལོར་གཙུག་ལག་སློབ་ཆེན་ག་གེ་མོ་རུ་སེམས་ཁམས་རིག་པའི་སྐོར་ལ་སྦྱང་བ་མཐར་ཕྱིན་མཛད། 1987ལོར་སྙན་དེབ《མེ་ལོང་ནང་གི་གྲོང་ཁྱེར》ཞེས་པ་པར་སྐྲུན་སྒོས་རྩོམ་སྟེགས་སུ་བུད་པ་དང་། བསྟུད་མར་སྒྲུང་རིང《དེབ་ནང་གི་མིའི་ཡུལ་སྐོར་ཟིན་ཐོ》 《E.E.》 《བསྐལ་པ་ཡ་ཐོག་དང་གཞན་དག་གི་དུས་ཚོད》 སོགས་པར་དུ་སྐྲུན་པ་ལ་ཕོ་ལན་གྱི་དཔྱད་གཏམ་ལས་རིགས་སུ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཡོད། མོས་བརྩམས་ཆོས་ནང་དམངས་ཁྲོད་ངག་རྒྱུན་དང་ལྷ་སྒྲུང་། ཆོས་ལུགས་ཀྱི་གཏམ་རྒྱུད་སོགས་གཞི་རྒྱུ་མཉམ་འདྲེས་བྱས་ནས་ཕོ་ལན་རྒྱལ་ཁམས་ཀྱི་ལོ་རྒྱུས་ལས་དབང་དང་འཚོ་བ་དངོས་ལ་ལྟ་རྟོག་གཟབ་ནན་བྱེད་ཀྱིན་ཡོད། སྔ་རྗེས་སུ་སྒྲུང་རིང《བསྐལ་པ་ཡ་ཐོག་དང་གཞན་དག་གི་དུས་ཚོད》དང《ཉིན་མོའི་ཁང་པ་དང་མཚན་མོའི་ཁང་པ》ཞེས་པར་ཕོ་ལན་གྱི་ཆེས་མཐོའི་རྩོམ་རིག་བྱ་དགའ་Nikeལ་ཐེངས་གཉིས་ཐོབ་པ་དང་དཔྱད་གཏམ་ལས་རིགས་ཀྱི་ཁས་ལེན་ཐོབ་པ་མ་ཟད། ཀློག་པ་པོའི་སྡེ་ཡི་དགའ་བསུ་ཡང་ཐོབ་པ་རེད། མོས་བརྩམས་སྒྲུང་དེ་ནི་རྒྱུད་འཚོལ་བའི་སེམས་ཁམས་ཅན་ཞིག་ཡིན་ཞིང་། རང་ཉིད་ཀྱི་འབྱུང་ཁུངས་དང་སྐྱེ་རྒྱུད་འཚོལ་ཞིབ་བྱས་ཏེ་དངོས་ཡོད་འཚོ་བའི་ཁྲོད་ཚུག་ཐུབ་ཏུ་གནས་ཐུབ་པ་བྱ་འདོད་ཅེས་བརྗོད་མྱོང་ཡོད།

པེ་ཊིར་ཧཱན་ཌིག (Peter Handke)

ཨོ་སི་ཁྲི་ཡའི་རྩོམ་པ་པོ་པེ་ཊིར་ཧཱན་ཌིག 1942ལོར་སྐྱེས། ཨོ་སི་ཁྲི་ཡའི་སྐད་གྲགས་ཆོད་པའི་བརྩམས་སྒྲུང་རྩོམ་པ་པོ་དང་འཁྲབ་གཞུང་རྩོམ་པ་པོ་ཞིག་ཡིན། འཇར་མན་སྐད་ཀྱི་དེང་རབས་རྩོམ་རིག་གི་གལ་ཆེ་བའི་རྩོམ་པ་པོ་ཞིག་དང་རྩོད་གཞི་ཆེས་ཆེ་བའི་རྩོམ་པ་པོ་ཞིག་ཀྱང་ཡིན། 1973ལོར་བྷེ་དབྱི་ནཱ་རྩོམ་རིག་བྱ་དགའ་ཐོབ་པ་དང་། 2009ལོར་ཁབ་ཁཱ་རྩོམ་རིག་བྱ་དགའ། 2014ལོར་རྒྱལ་སྤྱིའི་དབྱི་བྷི་ཧྲེང་བྱ་དགའ་ཐོབ་པ་རེད། 1965ལོར་པེ་ཊིར་ཧཱན་ཌིག་ཡིས་ཁོང་གི་སྒྲུང་རིང་དང་པོ《སྦྲང་མ་སེར་པོ》ཞེས་པ་ཡོངས་བསྒྲགས་ངང་སྤེལ་བ་དང་དེ་རྗེས་སྦྱོང་ཚན་དོར་ནས་ཆེད་ལས་རྩོམ་པ་པོའི་ལས་སུ་འབད། 1966ལོར་ཁོང་གི་ཟློས་གར《གཟིགས་མོ་བར་སྤྱོ་བ》ཞེས་པ་སྤེལ་རྗེས་ཁོང་ལ་དོ་སྣང་ཆེན་པོ་བྱས། 1967ལོར་ཁོང་གི་སྐད་གྲགས་ཆེ་ཤོས་ཀྱི་ཟློས་གར《ཁཱ་སི་ཐི》ཞེས་པ་སྤེལ་ཞིང་།ཡོ་རོབ་ཏུ “play of the Decale”ཞེས་པའི་མཚན་སྙན་ཐོབ་པ་དང་། ཁོང་གི《ཁཱ་སི་ཐི》ཞེས་པ་འཇར་མན་སྐད་ཀྱི་ཟློས་གར་ནང་འཁྲབ་་ཐེངས་ཆེས་མང་ཤོས་ཀྱི་བརྩམས་ཆོས་ཤིག་ཏུ་གྱུར་ཡོད། 1973ལོར་ཁོང་ལ་ཟློས་གར་གྱི་གྲུབ་འབྲས་མངོན་གསལ་དོད་པོའི་དབང་གིས་འཇར་མན་སྐད་ཀྱི་རྩོམ་རིག་ལས་རིགས་ཀྱི་མཚན་སྙན་ཆེས་མཐོ་བའི་བྱ་དགའ་ཐོབ་པ་དང་སྐབས་དེ་དུས་ཁོང་དགུང་གྲངས31ཙམ་ཡིན། ཁོང་གིས “གཏམ་བརྗོད་ཟློས་གར”གྱིས་འཁྲབ་སྟོན་པ་དང་ལྟད་མོ་བ། ཟློས་གར་དང་དོན་དངོས་དབར་གྱི་བར་ཐག་གཙོ་ཆེར་འཛིན་པའི་སྲོལ་རྒྱུན་གྱི་བྲི་ལུགས་མགོ་རྟིང་སློག་སྟེ “ཆ་རྒྱུས་མེད་པ”དང་ཡང་ན“བར་ཐག་ཡོད་པའི”ལམ་སྲོལ་ཞིག་ཕྱེ་བ་ལ་གཞི་བྱས་ཏེ། 2009ལོར་རྒྱལ་སྤྱིའི་ཁབ་ཁཱ་རྩོམ་རིག་བྱ་དགའ་ཐོབ།

པེ་ཊིར་ཧཱན་ཌིག་ནི་ནུབ་ཕྱོགས་སུ་གླེང་ཕྱོགས་མང་བའི་རྩོམ་པ་པོ་ཞིག་སྟེ། 2014ལོར་པེ་ཊིར་ཧཱན་ཌིག་ལ་ཟློས་གར་ལས་རིགས་ཀྱི་མཚན་སྙན་མཐོ་ཤོས་ཏེ་རྒྱལ་སྤྱིའི་དབྱི་བྷི་ཧྲེང་བྱ་དགའ་སྤྲད་པ་ལ། དཔྱད་འདེམས་ཨུ་ལྷན་གྱི་ཁོངས་མི་འགའ་ཞིག་གིས་བྱ་དགའ་དཔྱད་བསྡུར་བྱས་འབྲས་ལ་མི་འདོད་པའི་རྣམ་འགྱུར་གྱི་ངོས་ནས་ལས་ཁུར་དགོངས་ཞུ་བྱས་པ་དང་། ཐ་ནBernt Hagtvet ཡིས“པེ་ཊིར་ཧཱན་ཌིག་ལ་རྒྱལ་སྤྱིའི་དབྱི་བྷི་ཧྲེང་བྱ་དགའ་སྤྲད་པ་ནི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་སྐྱུག་བྲོ་བའི་གནས་ཚུལ་ཞིག་རེད”ཅེས་སྐྱོན་འཛུགས་བྱས། གཞན་ཡང་པེ་ཊིར་ཧཱན་ཌིག་རྒྱལ་སྤྱིའི་དབྱི་བྷི་ཧྲེང་བྱ་དགའ་ལེན་པར་སླེབས་སྐབས་ཚོགས་ཞུགས་རྔམ་སྟོན་པ་ཁག་གཅིག་གིས་ཁོང་ལ་བྱ་དགའ་དེ་མི་འཐོབ་པའི་རྒོལ་གཏམ་བཏང་བ་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས། 2010ལོར་བྱ་དགའ་དེ་ཐོབ་མཁན་ལྗང་ཧྥེ་སིས(Jon Fosse)མཇུག་འབྲས་འདི་ལ་དགའ་མོས་བྱེད་ཀྱིན་ཡོད་པ་མ་ཟད། ཁོང་གིས་པེ་ཊིར་ཧཱན་ཌིག་ནི་མཚན་སྙན་དེ་ཐོབ་མཁན་ཆེས་འཇོན་ཐང་ལྡན་པ་རུ་ངོས་འཛིན་གནང་གིན་ཡོད་པ་མ་ཟད། པེ་ཊིར་ཧཱན་ཌིག་ལ་ནོ་པེལ་རྩོམ་རིག་བྱ་དགའ་འཐོབ་དབང་ཡོད་ཅེས་ལུང་བསྟན་ཡོད་པ་རེད།