མཚོ་སྔོན་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་ཀྱི་ནད་ལྕི་མོའི་ཆེད་དོན་སྐྱོབ་བཅོས་ཀྱི་ནད་རིགས30ཡོད་པ།

ཞིན་ཧྭ་གསར་འགྱུར་དྲ་བའི་འཕྲིན་ལས་སྤྱི་ཟླ10པའི་ཚེས9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས8ཉིན་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རོང་འབྲོག་ཁུལ་གྱི་ནད་པའི་ཁུར་པོ་སྔར་བས་ཡང་དུ་གཏང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཁུལ་གྱི་དབུལ་ཕོངས་ནད་པར་དམིགས་ཏེ་བཅོས་སྐྱོང་བྱེད་པའི་ནད་རིགས་ལྕི་མོ30ལ་བུད་ཅིང་། དེས་ནི་རོང་འབྲོག་ཁུལ་གྱི་དབུལ་ཐར་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ལེགས་སྒྲིག་བྱས་པའི་འགན་ལེན་བྱ་ཡུལ་ནི། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་དབུལ་ཕོངས་ཁྱིམ་ཁང་གི་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་མི་གྲངས་རེད་ལ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་ལེན་ཅུའུ་བཅས་དང་མཉམ་དུ《2019ལོའི་གྲོང་གསེབ་དང་རོང་འབྲོག་ཁུལ་གྱི་དབུལ་ཕོངས་ནད་པའི་ལྕི་བའི་ནད་རིགས་ཆེད་དམིགས་བཅོས་སྐྱོང་བྱེད་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་རྒྱལ་ཁབ་ཀྱི་ནད་རིགས27གྱི་རྨང་གཞིའི་ཐོག་མཆིན་ཚད་ཁ་པ། མཆིན་ཚད་ག་པ)རླུང་རླན་འདྲ་བའི་ཚིགས་ནད་བཅས་ནད་རིགས3ཇེ་མང་དུ་བཏང་བ་རེད།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་སྲིད་སྨན་བཅོས་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པས། མཚོ་སྔོན་གྱིས་ནད་ལྕི་མོའི་ཆེད་དོན་སྐྱོབ་བཅོས་ཀྱི་ནད་རིགས་ལ་དུས་ཐོག་ཏུ་ལག་བསྟར་སྨན་བཅོས་ཀྱི་ཐབས་ལམ་དོ་དམ་བྱས་ནས། སྨན་བཅོས་འགྲོ་གྲོན་ཚོད་འཛིན་བྱས་པ་དང་ཆབས་ཅིག་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་སོགས་ལམ་ལུགས་ཀྱི་སྦྲེལ་མཐུད་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དབུལ་ཕོངས་མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཡང་དུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། གཞན་ཡང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པས“གན་རྒྱ་གཉིས”འཇོག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནད་ལྕི་མོའི་ཆེད་དོན་སྐྱོབ་བཅོས་ལས་དོན་གྱི་འབྲེལ་ཡོད་སྲིད་ཇུས་དྲིལ་སྒྲོག་བྱས་པས་ནད་ལྕི་མོ་ཕོག་པའི་ནད་པར་སྐྱོབ་བཅོས་ཧུར་ཐག་བྱེད་པའི་རང་འགུལ་རང་བཞིན་ཆེ་རུ་ཕྱིན་ཡོད་པ་རེད།

ད་ལྟའི་བར། མཚོ་སྔོན་ཞིང་ཆེན་ལ་ནད་ལྕི་མོའི་རིགས30ཕོག་པའི་མི་གྲངས17910ཡོད་ལ། དེ་ལས་ནད་པ17807དྲག་སྐྱེད་བྱུང་། བསྡུད་ཚད་ལྟར་ན99.42%ནད་ལས་གྲོལ་ཡོད་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།