ལིག་ཐའོ་ཡིས་སྟོང་སྐོར་རྫོང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་རྟོག་ཞིབ་བྱེད་སྐབས་གཏམ་བཤད་གལ་ཆེན་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས9ཉིན། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་འབྲེལ་གཏུག་ས་ཚིགས་སྟོང་སྐོར་རྫོང་དུ་རྟོག་ཞིབ་དང་མཛུབ་ཁྲིད་བྱས་ཏེ། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་སྤེལ་ཚུལ་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བ་དང་། ཉི་ཟླ་བོད་རིགས་ཡུལ་ཚོའི་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་རྟོག་ཞིབ་གནང་བ་མ་ཟད། རྫོང་དང་ཡུལ་ཚོའི་ལས་བྱེད་པ་དང་བྱ་བའི་ཐད་ནས་གླེང་མོལ་བྱས་པ་རེད།

ལིག་ཐའོ་ཡིས་བསྟན་དོན། བརྗོད་དོན་སློབ་གསོའི་གལ་ཆེའི་ལོ་རྒྱུས་ཀྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྟེ། ཀྲི་པུའུ་ཚན་པར་བྱས་ནས“ཚོགས་འདུ་གསུམ་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་གཞི་རྟེན་ལ་བརྟེན་ནས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་སྒོ་ཡག་པོར་སྤེལ་དགོས་ཞེས་བསྟན།

ལིག་ཐའོ་ཡིས་བསྟན་དོན། དམིགས་ཡུལ་ལག་བསྟར་བྱེད་རིང་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། མང་ཚོགས་ཀྱིས་བརྩི་བཀུར་བྱེད་མིན་དང་དགའ་པོ་བྱེད་མིན་དེ་ལས་ཀའི་ཚད་གཞིར་བརྩིས་ནས་འཕེལ་རྒྱས་མགྱོགས་སུ་གཏང་བའི་ཁྲོད་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏང་བ་དང་། ལས་སྒྲུབ་ལས་གཏོད་ཁྲོད་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དབུལ་ཐར་འགག་སྒྲོལ་དང་མི་རིགས་མཐུན་སྒྲིལ་གཏོད་པའི་གྲུབ་འབྲས་སྲ་བརྟན་དུ་གཏང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཡག་པོ་བྱ་དགོས་ལ། ཏང་གཤིས་སྦྱོང་རྡར་བྱེད་པའི་ཁྲོད་དུ་བར་ཐག་འཚོལ་དགོས་པ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱ་ཡུལ་གྱི་གླེང་ཆ་ཆེ་ལ་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་དམིགས་ནས། གཞི་རིམ་ཏང་རྩ་འཛུགས་གོང་བུ་གཅིག་ཏུ་བསྒྲིལ་རྒྱུ་དང་འཐབ་འཛིང་བྱེད་ནུས་ཆེ་རུ་གཏང་དགོས་ལ། སྦྱངས་པ་གོ་ཆོད་ཁྲོད་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་ཀྱི་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱེད་པ། དབུལ་ཐར་འགག་སྒྲོལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ནག་སེལ་གཤེད་བཅོམ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ་དག་ཐེར་ལ་དམ་འཛིན་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཕན་འབྲས་ལ་བརྟེན་ནས་དམངས་ཀྱི་ཆེད་དུ་ཡིན་ཞེས་བསྟན།

ལོ་ཙཱ་བ། གཡང་སྐྱིད།