ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་ཟི་ལིང་དུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཞི་མེན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་ནས་གཏམ་བཤད་གནང་བ་རེད།

ཚོགས་འདུའི་ཐོག་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཚོགས་འདུའི་ཐོག“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་པའི”བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་རྗེས་སུ་བཏོན་པའི་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། སློབ་གསོའི་སྐོར་གྱི་ཡིག་ཆ་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་དང་། ཞིང་ཆེན་ཏང་ཨུའི་སློབ་གསོའི་བྱ་བའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ལམ་ལུགས་མཐའ་འཁྱོངས་བྱེད་པ། བྱ་བའི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་པ། འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་དང་བྱ་བའི་ཕན་འབྲས་སྲ་བརྟན་དུ་གཏང་བ་བཅས་བྱས་ནས། སློབ་གསོ་འཕེལ་རྒྱས་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱས་ཏེ་སློབ་གསོ་ཡག་པོ་གཉེར་དགོས་པ་བསྟན།

ཚོགས་འདུས་བསྟན་དོན། “རིམ་དབྱེ་དོ་དམ་དང་རིམ་དབྱེ་འགན་འཁུར”ལམ་ལུགས་མཐའ་འཁྱོངས་སྒོས་སྲིད་ཇུས་ཀྱི་འགན་ལེན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཇེ་ཚང་དང་གཞུང་བཙུགས་སློབ་གསོས་འོས་འགན་སློབ་གསོའི་བྱེད་པོའི་འགན་འཁྲི་ཁུར་ཏེ། ཚད་ལྡན་དོ་དམ་ལ་ཤུགས་སྣོན་པ་དང་ལས་འགན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་དགོས། ལས་རིགས་སློབ་གསོའི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ཐོན་ལས་སྐྱེད་སྲིང་དང་ལས་ཞུགས་ལ་སྐུལ་འདེད་གཏང་ཆེད་བྱང་ཚད་མཐོ་བའི་རྩལ་ནུས་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་མཁོ་འདོན་བྱེད་པ་དང་། ཁ་གཏད་མཚོ་སྐྱོར་གྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། ཕྱིར་སྐྱོད་དང་གདན་ཞུ་ཟུང་འབྲེལ་བྱེད་པ། ལས་རིགས་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་ཞེས་བསྟན།

ལོ་ཙཱ་བ། གཡང་སྐྱིད།