མཚོ་སྔོན་ཞིང་ཆེན་གྱིས་ཁྱིམ་ལས་ཞབས་ཞུའི་རིགས་ཀྱི་རྩལ་ནུས་འགྲན་སྡུར་སྐབས་བཞི་པ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཀྱིས་མཉམ་དུ་གཉེར་བའི་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་གཉེར་ཞབས་ཞུའི་ལས་རིགས་ཀྱི་རྩལ་ནུས་འགྲན་སྡུར་སྐབས་བཞི་པ་ཟི་ལིང་དུ་འགོ་ཚུགས་པ་རེད། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་གྲོང་ཁྱེར་དང་ཁུལ་ལྔ་དང་དེ་བཞིན་མཚོ་སྔོན་ཞིང་ཆེན་ཁྱིམ་ཚང་ཞབས་ཞུའི་ལས་རིགས་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་ཁྱིམ་ལས་ཀུང་སིའི་འཐུས་མི་རུ་ཁག་34ཡི་བདམས་ཐོན་པ185འགྲན་སྡུར་ཁག་ནང་ཞུགས་རྒྱུའི་མིང་ཐོ་བཀོད་པ་རེད། 

ད་ཐེངས་ཀྱི་འགྲན་སྡུར་ནང་ཞུགས་མཁན་བདམས་ཐོན་པ་གཙོ་བོ་ནི། མཚོ་སྔོན་ཞིང་ཆེན་ཁྱིམ་གཉེར་ཞབས་ཞུའི་ལས་རིགས་མཐུན་ཚོགས་ཀྱི་ཚོགས་མི་དང་དེ་བཞིན་ཐོ་འགོད་བྱས་པའི་ཁྱིམ་ལས་ཀུང་སིའི་ཁྱིམ་ལས་ཞབས་ཞུ་བ་གཙོ་བོ་ཡིན་པ་རེད། བདམས་ཐོན་པས་བཏོན་པའི་རྣམ་གྲངས་མི་འདྲ་བར་གཞིགས་ཏེ་ཁྱིམ་ལས་ཞབས་ཞུ་བ(ཁྱིམ་ཚང་གི་ཁ་ལག་བཟོ་རྒྱུ)དང་། རྒན་རྒོན་བདག་སྐྱོང་བ། བུ་གཉོར་མ་བཅས་རྣམ་གྲངས་གསུམ་གྱི་རྩལ་ནུས་ཆུ་ཚད་ཚད་ལེན་ཚོད་ལྟ་བྱས་པ་རེད། འགྲན་སྡུར་གྱི་ནང་དོན་ནང་རྨང་གཞིའི་རིགས་པའི་གཞུང་ལུགས་དང་དངོས་ཡོད་བཀོལ་སྤྱོད་ཁག་གཉིས་ཚུད་ཡོད་པ་དང་འགྲན་སྡུར་ཆེ་མོ་དེ་སྔོན་འདེམ་དུས་མཚམས་དང་། འགྲན་སྡུར་དུས་མཚམས། རྩལ་ནུས་འགྲེམས་སྟོན། ཕྱོགས་བསྡོམས་གཟེངས་བསྟོད་བཅས་དུས་མཚམས་གསུམ་ལ་དབྱེ་ཡོད། བྱེད་སྒོའི་དམིགས་ཡུལ་ནི་རང་ཞིང་གི་ཁྱིམ་ཚང་ཞབས་ཞུའི་ལས་རིགས་ཚད་ལྡན་ཅན་དང་ལས་ཞུགས་མི་སྣ་ལས་རིགས་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རང་ཞིང་གི་ཁྱིམ་ཚང་ཞབས་ཞུའི་ལས་རིགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཁྱིམ་ཚང་ཞབས་ཞུའི་ལས་གཉེར་མི་སྣའི་ལས་རིགས་བྱང་ཚད་དང་རྩལ་ནུས་ཆུ་ཚད་མཐོ་རུ་གཏོང་བ་བཅས་རེད། རང་ཞིང་གི་ཁྱིམ་ཚང་ཞབས་ཞུའི་ལས་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། འགོ་འཛུགས་ས་དང་ཚད་གཞི་སྔར་ལས་མཐོ་བའི་ཐོག་ནས་བུད་མེད་ཀྱི་ཁྱིམ་ལས་ཞབས་ཞུ་དེ་བྱད་བཞིན་རྒྱ་སྐྱེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ཁྱིམ་གཉེར་ཞབས་ཞུའི་ལས་རིགས་ཀྱི་དགོས་མཁོ་སྔར་ལས་ལེགས་པར་བསྐང་དགོས། 

ད་ཐེངས་ཀྱི་འགྲན་སྡུར་ནི་སྐབས་གོང་མ་དང་མི་འདྲ་བར་འགྲན་སྡུར་ཆེ་མོ་དེ་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅོ་ལྔ་པའི་ལས་བཟོའི་རྩལ་ནུས་འགྲན་སྡུར་ནང་བཅུག་པ་དང་། དེ་ནི2017ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི་ཁྱིམ་ཚང་ཞབས་ཞུའི་ལས་རིགས་ཀྱི་ལས་རིགས་རྩལ་ནུས་འགྲན་སྡུར་བྱས་ཚུན་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་འཕེལ་རྒྱས་དང་སྦྱོང་བརྡར་གྲུབ་འབྲས་སླར་ཡང་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་ཞིག་རེད། 

ལོ་ཙཱ་བ། ཀླུ་མོ།