བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་རྒྱལ་སྟོན་དགའ་གཏོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ལྷ་མོ་འཁྲབ་སྟོན་དང་། པར་རིས་འགྲེམས་སྟོན་ཆེ་མོ། མང་ཚོགས་རང་བཞིན་གྱི་སྤྲོ་གསེང་བྱེད་སྒོ “མི་སྟོང་གི་སྒོར་གཞས”འཁྲབ་ནས་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བ་སོགས་ཉིན་ཤས་བསྟུད་མར་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་སྟོན་གྱི་སྤྲོ་གསེང་གཟའ་འཁོར་གྱི་ངལ་གསོའི་རིང་གི་དགའ་སྤྲོ་འཁོལ་བའི་རྣམ་པར་རོལ་བ་རེད།

རྒྱལ་སྟོན་གྱི་ངལ་གསོའི་རིང་། ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དང་། ནོར་བུ་གླིང་ཁ། ལྷོ་རིའི་སྤྱི་གླིང་། ཆུ་མིག་ལམ་འདམ་རའི་སྤྱི་གླིང་སོགས་སུ་རིག་རྩལ་འཁྲབ་སྟོན་དང་། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། ཡིག་གཟུགས་འགྲེམས་སྟོན། མང་ཚོགས་ཀྱི་སྤྲོ་གསེང་བྱེད་སྒོ་བཅས་སྤེལ་བ་རེད།

“ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་བོད་ལྗོངས་ཇོ་མོ་གླང་མའི་པར་རྒྱག་འགྲེམས་སྟོན་ཆེ་མོ་སྐབས་བཅུ་གཉིས་པ”ཚེས་4ཉིན་ལྷ་སར་འགོ་ཚུགས་ཤིང་། འགྲན་བསྡུར་ཆེ་མོར་ཁྱོན་བསྡོམས་བོད་རང་སྐྱོང་ལྗོངས་དང་དེ་བཞིན་ཕྱི་ཕྱོགས་ཀྱི་པར་རྒྱག་མཁས་ཅན་དང་པར་རྒྱག་ལ་དགའ་མོས་བྱེད་མཁན་200ལྷག་ཙམ་གྱིས་བསྐྱལ་བའི་པར་རིས་བརྩམས་ཆོས་10000ལྷག་ཙམ་འབྱོར་བ་དང་། པར་རྒྱག་འགྲན་བསྡུར་ཆེ་མོའི་ཞིབ་དཔྱད་ཨུ་ལྷན་གྱིས་དཔྱད་འདེམས་ནན་ཏན་བྱས་པ་བརྒྱུད་མཐར་བསྡུ་རུབ་བྱས་པའི་བརྩམས་ཆོས་ཁྲོད་ནས་བརྩམས་ཆོས་300ལྷག་ཙམ་བདམས་ཏེ་འགྲེམས་སྟོན་བྱས་པ་རེད། ནང་དོན་ཕུན་སུམ་ཚོགས་པའི་པར་རྒྱག་བརྩམས་ཆོས་ལ་མི་རིགས་ཁག་གི་མང་ཚོགས་ཚོས་འཚང་ཁ་ཤིག་ཤིག་ངང་ལྟ་བར་ཡོང་བ་མ་ཟད། ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ལྟད་མོ་བ་ཚོར་མྱོང་ཚོར་གཅིག་མཐུན་དང་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད་པ་རེད།

རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་དང་མེ་ཏོག་རབ་ཏུ་བཞད། ལྷོ་ཁ་གྲོང་ཁྱེར་དུ་ཞིང་འབྲོག་མང་ཚོགས་དང་། ལས་བྱེད་ལས་བཟོ། སློབ་མ་བཅས་གྲོང་ཁྱེར་ལུས་རྩལ་ཐང་དུ་མཉམ་འཛོམས་བྱས་ཏེ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས“མི་སྟོང་གི་སྒོར་གཞས་འཁྲབ་པའི”མང་ཚོགས་ཀྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་ནས་རླབས་ཆེན་གྱི་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པར་བྱས་ཡོད། 《མཛེས་སྡུག་ལྡན་པའི་བོད་ལྗོངས། གཅེས་པར་འོས་པའི་ཕ་ཡུལ》ཞེས་པ་དང《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》 《ང་ཀྲུང་ཧྭ་ལ་དགའ》ཞེས་པ་ལ་སོགས་ཀྱི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་དགའ་སྤྲོ་འཁོལ་བའི་གླུ་དབྱངས་དང་ངོ་མཚར་ཆེ་བའི་གར་སྟབས་ཀྱི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70རིང་དང་ལྷག་པར་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60རིང་། ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་ལྷོ་ཁར་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པ་དང་། དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་བདེ་སྐྱིད་ལྡན་པའི་རྣམ་པ་ཞིག་མངོན་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་ལུགས་དང་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་ཡོད། ལྷོ་ཁ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གི་འཁྲབ་སྟོན་པ་པད་མ་གཡང་སྒྲོན་གྱིས“མི་རིགས་56དང་། མེ་ཏོག་56 ང་ཚོ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡོད་པས། མེས་རྒྱལ་མ་ཡུམ་དར་རྒྱས་གོང་འཕེལ་དང་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བརྗོད།

གསར་རྩོམ་བྱས་པའི་ལྷ་མོ《ཚེ་རིང་ལྷ་མོ》རྒྱལ་སྟོན་རིང་ལྟད་མོ་བ་ཚོའི་མིག་ལམ་དུ་བཤམས་པ་དང་། ལྷ་མོ་དེ་ནི་ཡར་ལངས་ཞིང་བྲན་ཚེ་རིང་ལྷ་མོ་མ་དཔེར་བྱས་ནས་བོད་འདི་ཉིད་མུན་ནག་ནས་འོད་སྟོང་དང་། སྲིད་དབང་སྒེར་འཛིན་ནས་དམངས་གཙོ། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་བར་བསྐྱོད་པའི་རླབས་ཆེན་གྱི་ལོ་རྒྱུས་ལམ་བུ་གསལ་སྟོན་བྱས་པ་དང་། གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་། བོད་ཀྱི་མི་དམངས་ལ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་དེ་ལྟ་བུ་ཞིག་སྐྱེལ་རྒྱུ་མེད་པའི་རླབས་ཆེན་གྱི་བདེན་དོན་གཏིང་ཟབ་མཚོན་པར་བྱས་ཡོད།

“ཡུལ་སྨད་ཀྱི་མི་གསུམ་ཤང”གི་བྱས་རྗེས་དངོས་ནང་དོན་བྱས་ནས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་སངས་རྒྱས་ཆོས་དཔའ་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་གཉིས་ཀྱི་མི་སེམས་འགུལ་བའི་མཐའ་སྲུང་བྱས་རྗེས་དངོས་མཚོན་པའི་གློག་བརྙན《ང་ཡི་རི་བོ་ཧི་མ་ལ་ཡ》ཚེས་6ཉིན་དངོས་སུ་བསྟན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་སུ་ཕུལ་བ་རེད། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་ཁོར་ཡུག་ཞན་པོ་དང་། ཕྱི་ཕྱོགས་དགྲ་བོའི་བརྙས་རྐོ། ནང་མི་གྲོངས་པ་ལ་སོགས་ཀྱི་དཀའ་སྡུག་ཆེན་པོ་དེ་ལྟ་བུར་མི་འཛེམས་པར་ལོ་34ཕྱུགས་འཚོ་མཐའ་སྲུང་བྱས་ཏེ་སྐལ་བཟང་མེ་ཏོག་དང་འདྲ་བར་མེས་རྒྱལ་གྱི་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་ནས་མེས་རྒྱལ་གྱི་ཆེད་དུ་རྒྱལ་ཁབ་ཀྱི་ས་ཆ་སྤྱི་ལེ་ངོས་གྲུ་སྟོང་ཕྲག་མང་པོ་བརྟན་སྲུང་བྱས་ཡོད།