ཀྲུང་གོའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་ངེས་རེད།

— —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ཤེས་ལྡན་པ་དང་གཞོན་ནུ་སློབ་མའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

ལོ་ངོ་70ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་སེ་གོལ་ཏོག་ཙམ་ཞིག་རེད།

ལོ་ངོ་70ཡི་རིང་ཀྲུང་གོ་གསར་པས“འཛམ་གླིང་ཀུན་ཧང་སངས་དགོས་པའི”རླབས་ཆེན་གྱི་ངོ་མཚར་བཏོད་ཡོད།

“ཀྲུང་གོའི་སྔར་སོང་མིའི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་བཀོད་ཟིན་པ་དང་། ཀྲུང་གོའི་ད་ལྟ་མི་དམངས་དུང་ཕྱུར་མང་པོའི་ལག་ཟུང་ལ་བརྟེན་ནས་གསར་གཏོད་བྱེད་བཞིན་པ། ཀྲུང་གོའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད” ཟླ་10ཚེས་1ཉིན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་གནས་ཚུལ་གཟབ་རྒྱས་ཀྱིས་རྒྱ་ཆེའི་ཤེས་ལྡན་པ་དང་གཞོན་ནུ་སློབ་མ་རྣམས་སྤོབས་པ་ཆེན་པོ་སྐྱེས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཚང་མ་སེམས་ཤུགས་རབ་ཏུ་འཕེལ་ཡོད། ཚང་མས་ལོ་རྒྱུས་ཀྱིས་འབྱུང་འགྱུར་ལ་ལམ་སྟོན་བྱེད་པ་དང་རྒྱང་སྐྱོད་ལམ་བུར་རྫོགས་མཐའ་མེད་པས། འབད་འཐབ་ཧུར་ཐག་བྱེད་མཁན་གྱི་སྟོབས་ཤུགས་ཁྲི་སྟོང་མང་པོ་གཅིག་ཏུ་འདུས་ནས་དེ་བས་མཛེས་སྡུག་ལྡན་པའི་དུས་རབས་ཀྱི་ལེའུ་གསར་པ་རྩོམ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པ་རེད།

མེས་རྒྱལ་གྱི་ལོ་རྒྱུས་སྙན་ངག་ལྟ་བུའི་ཡར་ཐོན་ལ་བསྟོད་གླུ་འབུལ།

གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཚང་མས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་དུ་བླངས་པ་དང་སྐར་ལྔའི་དར་དམར་བསིལ་རླུང་གི་འགྲོས་དང་བསྟུན་ནས་དལ་བུར་གཡོ་བཞིན་མཆིས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གསར་པ་དབུ་བརྙེས་པའི་ལོ་རྒྱུས་དོན་སྙིང་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70རིང་བཏོད་པའི་མི་ཡུལ་གྱི་ངོ་མཚར་ལ་རྒྱས་བཤད་གཏིང་ཟབ་གནང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ལ་སྤོབས་པ་ཆེན་པོས་གཟིགས་གནང་བས། ཀྲུང་ཧྭ་བུ་ཕྲུག་དུང་ཕྱུར་དུ་མ་སེམས་ཤུགས་རབ་ཏུ་འཕེལ་བ་དང་ཡིད་ཆེས་ཆེན་པོ་སྐྱེད་ཡོད།

“ལོངས་ཤོག བྲན་གཡོག་བྱེད་མི་འདོད་པའི་མི་རྣམས”

རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་དུ་ཏུན་ཧོང་ཞིབ་འཇུག་ཁང་གི་མཚན་འཛིན་ཡོན་ཀྲང་ཧྥན་ཅིང་ཧྲེར་བསམ་ཚུལ་མང་པོ་འཆར། “ཏུན་ཧོང་གི་བུ་མོ”ཞེས་སུ་འབོད་པའི་ཁོང་ལ“རིག་དངོས་སྲུང་སྐྱོང་གི་ཕུལ་བྱུང་ལེགས་སྐྱེས་འབུལ་མཁན”གྱི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་རག་མ་ཐག་རེད།

“ད་ལྟའི་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་ཏུན་ཧོང་དང་དེ་སྔ་བཙན་དབང་རྒྱལ་ཁབ་ཀྱི་གཏོར་བཤིག་ཚབས་ཆེན་ཕོག་པའི་ཏུན་ཧོང་བསྡུར་བ་ལས་ཀྲུང་གོའི་སྔ་དེང་གི་འཕོ་འགྱུར་ཆེན་པོའི་བསྡུས་རིས་གསལ་པོར་མངོན་ཐུབ། རྒྱལ་ཁབ་ཀྱིས་དཀའ་ངལ་ཆེ་སྒང་ལ་མ་དངུལ་འབོར་ཆེན་བཏང་སྟེ་རྡིབ་ནས་རྩ་ཐོར་དུ་འགྲོ་ཉེར་ཡོད་པའི་མོ་ཀའོ་བྲག་ཕུག་ཉམས་གསོ་གནང་བ་ངས་བརྗེད་མི་སྲིད། རྒྱལ་ཁབ་ཀྱིས་ཏུན་ཧོང་ལ་ཤེས་ལྡན་པ་བཀུག་ནས་རྒྱལ་ཁབ་ཕྱི་ནང་དབར་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་བ་ངས་བརྗེད་མི་སྲིད། རྒྱལ་ཁབ་ཀྱིས་གོ་སྐབས་གནང་ནས་ང་ཚོར་རིག་དངོས་ལ་ཚན་རིག་དང་མཐུན་པའི་སྲུང་སྐྱོང་བྱེད་བཅུག་པ་དང‘གྲངས་གཞིའི་ཏུན་ཧོང’ལག་ལེན་བསྟར་ཏེ་མི་དམངས་ལ་ཞབས་འདེགས་ཞུ་རིང་ཏུན་ཧོང་ལ་གསོན་ཤུགས་དེ་བས་ཆེ་བ་རྒྱས་སུ་བཅུག་པ་ངས་བརྗེད་མི་སྲིད”ཅེས་གསུངས་པ་དང་ཁོང་གིས་སྤོ་དགྱེ་དགྱེ་ངང“མ་གཞི་ང་ལོ་བརྒྱད་ཅུར་སླེབས་ཀྱང་དབུགས་མ་ཆད་བར་དུ་ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་ཆེད་རང་ནུས་ཡོད་རྒུ་བཏོན་ནས་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་གསུངས་པ་རེད།

“ང་ཚོའི་ཤ་ཁྲག་གིས་ལྕགས་རི་རིང་པོ་གསར་དུ་བསྐྲུན་དགོས”

དེ་རིང་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་པས། སྟོབས་ཤུགས་ཅི་འདྲ་ཞིག་གིས་ཀྱང་ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་གནས་བབ་ལ་གཡོ་འགུལ་གཏོང་མི་ཐུབ་པ་དང་སྟོབས་ཤུགས་ཅི་འདྲ་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་གོམ་སྟབས་འགོག་མི་ཐུབ།

དེ་སྔ་ཀྲུང་གོ་རྙིང་པ་དང་སྤྱི་ཚོགས་རྙིང་པ་ཇི་ལྟར་བྱས་ནས་འཐོར་ཞིག་ཏུ་སོང་བ་མིག་མཐོང་ལག་ཟིན་བྱུང་བས། ཝང་མོང་གིས་ཀྲུང་གོ་གསར་པའི་ལས་དབང་ནི་རང་ཉིད་ཀྱི་ལས་དབང་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཀྲུང་གོ་གསར་པ་དང་མཉམ་དུ་འཚར་ལོངས་བྱུང་བའི་སྐད་གྲགས་ཆེ་བའི་རྩོམ་པ་པོ་དེས“ངས་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་བརྒྱུད་རིམ་ཚང་མ་བརྒྱུད་མྱོང་ལ། དེ་ནི་ངའི་གསར་རྩོམ་གྱི་བརྗོད་བྱ་གཙོ་བོའང་ཡིན། དུས་རབས་གསར་པ་ནི་མདུན་ལམ་ཆེན་པོ་ལྡན་པའི་དུས་རབས་ཤིག་ཡིན་པས། ངས་མུ་མཐུད་གསར་རྩོམ་བྱས་ཏེ་རྒྱལ་ཁབ་དང་། མི་རིགས། ལོ་རྒྱུས་བཅས་ཀྱི་ཆེད་དུ་དུས་རབས་གསར་པའི་རྩོམ་ཡིག་རྩེ་གྲ་འབྲི་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་གསུངས་པ་རེད།

རྒྱལ་གཅེས་དེ་ཉིད་ཞུམ་མེད་མདུན་སྐྱོད་ཀྱི་སྟོབས་ཤུགས་སུ་འགྱུར་བ་བྱེད།

འགྲོ་ལམ་གྱིས་མི་རིགས་ཀྱི་ལས་དབང་ཐག་གཅོད་བྱེད་པ་དང་ལམ་ལུགས་ཀྱིས་བསྐྱར་དར་ལམ་བུར་གཞོགས་འདེགས་བྱེད་ཀྱི་ཡོད།

ཅི་ལིན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧྲི་དབྱིང་གིས་ལོ་ངོ་70ཡི་འཕོ་འགྱུར་ཆེན་པོ་ལས་རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཀྱི་ཐད་ནས་ཀྲུང་གོ་གུང་ཁྲན་ཏང་ཁྱད་དུ་འཕགས་པ་ཡོང་དོན་གང་ཡིན་དང་། མར་ཁེ་སི་རིང་ལུགས་ལེགས་གྲུབ་ཡོང་དོན་གང་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་འདི་འདྲ་ཡོད་དོན་གང་ཡིན་བཅས་གསལ་པོར་མངོན་ནས་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་21པའི་ཀྲུང་གོར་སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེན་པོ་རྒྱས་པ་དེ་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམིགས་བསལ་གྱི་གསར་གཏོད་ནུས་པ་དང་གསོན་ཤུགས་ཆེན་པོ་མཚོན་ཡོད་ཅེས་གསུངས་པ་རེད།

ཀྲུང་གོ་གསར་པ་ལོ་ངོ་70ཡི་རིང་འཕོ་འགྱུར་ཆེན་པོ་བྱུང་བའི་རྩ་བའི་རྒྱུ་རྐྱེན་དང་ལོ་ངོ་70ཡི་རིང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ནང་གནས་ཀྱི་གཏན་ཚིགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་བསྐྱར་དུ་བསྐྱོད་དེ་ངེས་པར་དུ་དར་ཆ་མཐོན་པོར་བསྒྲེངས་ནས་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལམ་བུར་བསྐྱོད་པ་དང་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས”ཞེས་པེ་ཅིང་གྲོང་ཁྱེར་སློབ་འབྲིང་བརྒྱད་པའི་སློབ་སྤྱི་ཝང་ཅུན་ཁྲེང་གིས་གསུངས་པ་དང་ཁོང་གིས“རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་རླབས་ཆེན་བྱ་གཞག་སྒྲུབ་ཀྱི་ཡོད་པས། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཆེད། ཚེ་གང་འབད་འཐབ་བྱེད་མཁན་གྱི་གོ་ཆོད་ཤེས་ལྡན་མི་སྣ་མི་རབས་མང་པོ་གསོ་སྐྱོང་བྱེད་དགོས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་མའི་སེམས་སུ་ཟུག་པ་བྱས་ནས་ཁོང་ཚོ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཞིག་ཏུ་གསོ་སྐྱོང་བྱེད་དགོས”ཞེས་གསུངས་པ་རེད།

ཀྲུང་གོ་གསར་པའི་ལོ་ངོ་70ཡི་འཕོ་འགྱུར་ཆེན་པོའི་སྟོབས་ཤུགས་རླབས་ཆེ་ཤོས་ནི་བློ་སེམས་གཅིག་མཐུན་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་དེ་རེད།

ཀྲུང་གོ་གསར་པས་ཟམ་མི་ཆད་པར་འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་མདུན་སྐྱོད་ཐུབ་པའི་འགག་རྩ་ནི། ཀྲུང་གོ་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ངར་ལྕགས་ལྟར་གཞོམ་ཞིག་མེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་པ་དེ་རེད།

“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་དུས་ཐུང་ལོ་ངོ་70ཡི་རིང་དབུལ་ཕོངས་ཉམས་ཞན་དང་ཉམས་པ་ཐམས་ཅད་སོར་དུ་ཆུད་རྒྱུར་ལུས་པའི་རྒྱལ་ཁབ་འདི་ཉིད་མཐུན་སྒྲིལ་གཅིག་གྱུར་དང་དར་རྒྱས་འབྱོར་ཕྱུག་གི་ཀྲུང་གོ་གསར་པར་འཛུགས་སྐྲུན་བྱས་ཡོད། ཀྲུང་གོ་བ་ཞིག་གི་ངོས་ནས་དེར་ང་རང་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་ཤང་ཀང་ནས་ཡིན་པའི་ལན་ཀྲོའུ་སློབ་ཆེན་གྱི་2019ལོའི་སློབ་མ་གསར་པ་ལིན་ཧྲེ་ཧུང་གིས་བརྗོད་པ་དང་། ཁོང་གིས“ང་ཚོ་དུས་རབས་གསར་པའི་གཞོན་ནུ་ཚོའི་ཐུན་མོང་འབད་འཐབ་འོག མེས་རྒྱལ་དེ་བས་དར་རྒྱས་གོང་འཕེལ་ཡོང་བའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།

མདུན་སྐྱོད་ཀྱི་ལམ་བུར་ཉེན་ཁ་དང་འགྲན་སློང་ཇི་ཙམ་ཡོད་ཀྱང་། ང་ཚོས་བློ་སེམས་གཅིག་མཐུན་དང་ཇུས་ཤུགས་མཉམ་འདོན་བྱས་ན་ཀྲུང་གོའི་སྟོབས་ཤུགས་འགྲན་ཟླ་བྲལ་བ་ཞིག་ཏུ་གྱུར་ནས་ང་ཚོས་དཀའ་ངལ་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་ཟམ་མི་ཆད་པར་བསྐྱོད་ཐུབ།

མཆོང་རྒྱུག་བྱས་ནས་ཕུགས་འདུན་མངོན་འགྱུར་གྱི་འོད་ཟེར་གྱིས་འབྱུང་འགྱུར་གྱི་ལམ་བུ་གསལ་བར་བྱས་པ།

འོད་སྟོང་འཕྲོ་བའི་གྲུབ་འབྲས་ལོ་རྒྱུས་དེབ་ཐེར་དུ་བྲིས་པ་དང་། རྒྱང་སྐྱོད་ལམ་བུ་དེ་བས་འོད་སྟོང་ལྡན་པ་ཞིག་ཏུ་གྱུར་ཡོད། མི་རབས་མང་པོས་གཅིག་མཐུད་གཅིག་འཛིན་གྱིས་འབད་འཐབ་བྱས་ནས་ཕུགས་འདུན་མངོན་འགྱུར་གྱི་རྒྱང་སྐྱོད་ལམ་བུར་བསྐྱོད་རིང་ཀྲུང་ཧྭ་མི་རིགས་ཀྱིས་དམིགས་ཚད་རྗེས་མ་དེར་ཕྱོགས་ནས་རྡོག་ཐོན་བྱེད་བཞིན་ཡོད།

“རྒྱལ་གཅེས་ནི་ཁ་བཤད་ཙམ་མ་ཡིན་པར་མི་སྒེར་གྱི་མི་ཚེའི་ཕུགས་བསམ་མེས་རྒྱལ་གྱི་མདུན་ལམ་དང་ལས་དབང་དང་ཟུང་འབྲེལ་བྱེད་དགོས”ཞེས“མི་དམངས་སློབ་གསོ་མཁས་ཅན”གྱི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་རག་པའི་ཀྲུང་གོ་མི་དམངས་སློབ་ཆེན་ཁྲིམས་རིགས་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀའོ་མིང་ཤོན་གྱིས་དེ་ལྟར་གསུངས། ཁོང་འདི་ལོ་དགུང་ལོ་91ལ་ཕེབས་ཀྱི་ཡོད་པ་དང་། ཁོང་གིས“ངའི་གཟུགས་པོ་ཡག་པོ་ཡོད་པས་མུ་མཐུད་ལས་ཀ་བྱེད་ཀྱི་ཡིན། ངས་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་ནས་ཁྲིམས་རིགས་པའི་ལས་རིགས་ཀྱི་ལས་རོགས་ཚོ་དང་མཉམ་དུ་རང་རྒྱལ་གྱི་ཁྲིམས་རིགས་པའི་མ་ལག་ཟམ་མི་ཆད་པར་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་བཏང་སྟེ། རང་རྒྱལ་གྱི་ཁྲིམས་རིགས་པའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན”ཞེས་གསུངས་པ་རེད།

གུང་གསེང་ཡིན་ཡང་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་མཁན་ཀྲུང་ནན་སློབ་ཆེན་ཤང་ཡཱ་སྨན་ཁང་གཉིས་པའི་བྱིས་པའི་སྨན་བཅོས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་སྨན་པ་དཀའ་བཅུ་པ་ཝུན་ཁྲོན་གྱིས“ལོ་ཆུང་བྱིས་པའི་བདེ་ཐང་ནི་བདེ་ཐང་ཀྲུང་གོའི་འབྱུང་འགྱུར་དང་རེ་བ་ཡིན་པས། སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་བྱིས་པའི་བདེ་ཐང་འགན་སྲུང་ཆེད་རང་འགན་གཙང་སྒྲུབ་བྱ་རྒྱུ་དེ་ནི་ངས་མེས་རྒྱལ་ལ་འབུལ་ཐུབ་པའི་ཕྱག་རྟགས་ཡག་ཤོས་དེ་ཡིན”ཞེས་གསུངས་པ་རེད།