ཞི་ཅིན་ཕིང་དང་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་ཨེན་གྱིས་ཀྲུང་གོ་དང་ཁྲའོ་ཞན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་ཀྲུང་གོ་དང་ཁྲའོ་ཞན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་བ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་སྐབས་འདིར་ངས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་ཁྱེད་དང་ཁྱེད་བརྒྱུད་ཁྲའོ་ཞན་ངལ་རྩོལ་ཏང་དང་། ཁྲའོ་ཞན་སྲིད་གཞུང་། ཁྲའོ་ཞན་མི་དམངས་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ལོ་ངོ་བདུན་ཅུ་ཡི་གོང་དུ་ཀྲུང་ཁྲའོ་དབར་དངོས་སུ་ཕྱི་འབྲེལ་བཙུགས་པ་དེས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཐོག་དུས་རབས་ཕྱེ་བའི་དོན་སྙིང་གལ་ཆེན་ལྡན་ཡོད། ཁྲའོ་ཞན་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་སྔ་ཤོས་ཀྱི་གྲས་ཤིག་རེད། ལོ་ངོ་བདུན་ཅུའི་རིང་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རིམ་བྱོན་གྱི་ཐུགས་ཁུར་དང་ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་གྲོགས་ལ་རྒྱལ་སྤྱིའི་འགྱུར་ལྡོག་ཆེན་པོ་དང་དུས་རབས་ཀྱི་འཕོ་འགྱུར་གྱི་ཚོད་བགམ་ཐེག་ནས་འཕེལ་རྒྱས་ཟམ་མི་ཆད་པར་ཕྱིན་པ་དང་། ལོ་རྒྱུས་རིང་བ། མི་སེམས་ལ་གཏིང་ཟབ་ཟུག་པ་བཅས་རེད། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་འགྲོ་འོང་དང་མཉམ་ལས་ཐད་འབྲས་བུ་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དར་རྒྱས་ཡར་ཐོན་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་ཐོན་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་ཁྲའོ་ཡི་སྲོལ་རྒྱུན་མཛའ་གྲོགས་ནི་ཏང་གཉིས་དང་། རྒྱལ་ཁབ་གཉིས། རྒྱལ་ཁབ་གཉིས་པོའི་མི་དམངས་བཅས་ཀྱི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཞིག་རེད། ཀྲུང་ཁྲའོ་ཡི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་། སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་མཛད་ཕྱོགས་རེད། ངས་ཀྲུང་ཁྲའོ་ཡི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་པོ་བྱེད་པ་དང་བློ་མཐུན་ཨུ་ཡོན་ཀྲང་དང་ཕན་ཚུན་ཡིད་ཆེས་བྱེད་པ་དང་མཛའ་གྲོགས་ལ་གཅེས་སྤྲས་བྱེད་ཀྱི་ཡོད། ན་ནིང་ཚུན་ང་དང་བློ་མཐུན་ཨུ་ཡོན་ཀྲང་དབར་ཞལ་འཛོམས་ཐེངས་ལྔ་བྱས་ཏེ་ངོས་འཛིན་གཅིག་མཐུན་རབ་དང་རིམ་པ་གྲུབ་ནས་ཀྲུང་ཁྲའོ་ཡི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་རྒྱུར་ཐུན་མོང་ཐོག་ཁྲིད་སྟོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བ་དེ་གོ་སྐབས་སུ་བྱས་ནས་ཀྲུང་ཁྲའོ་ཡི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཐོག་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་ཕན་བདེ་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

ཅིན་ཀྲེང་ཨེན་གྱིས་རྟེན་འབྲེལ་གློག་འཕྲིན་ནང་། ཁྲའོ་ཀྲུང་ཕྱི་འབྲེལ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་སྐབས་འདིར་ངས་ཁྲའོ་ཞན་ངལ་རྩོལ་ཏང་དང་། ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་། ཁྲའོ་ཞན་གྱི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་། ཀྲུང་གོའི་མི་དམངས་ཡོངས་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

ཅིན་ཀྲེང་ཨེན་གྱིས་ཁྲའོ་ཀྲུང་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་པར་དུས་རབས་ཕྱེ་བའི་དོན་སྙིང་ལྡན་ཡོད། ལོ་ངོ་བདུན་ཅུ་ཡི་རིང་ཁྲའོ་ཀྲུང་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་རྒྱང་སྐྱོད་ལམ་བུའི་སྟེང་ཐོག་མཐའ་བར་གསུམ་དུ་འཆི་གསོན་མཉམ་གནས་དང་བདེ་སྡུག་མཉམ་མྱོང་གིས་ལོ་ཟླའི་ཞུན་བརྡར་ཐེབས་ཏེ་ཁྲའོ་ཀྲུང་གི་རླབས་ཆེའི་མཛའ་གྲོགས་ལོ་རྒྱུས་བརྩམས་ཡོད། དེང་སྐབས་ཁྲའོ་ཀྲུང་འབྲེལ་བ་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ཁྲའོ་ཀྲུང་མཛའ་གྲོགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དེ་མཐའ་གཅིག་ཏུ་རྒྱུན་འཛིན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་ང་དང་ཁྲའོ་ཞན་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་ཤིག་ཡིན། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ལག་གདང་དམ་པོར་སྦྲེལ་ཏེ་ཁྲའོ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་འདུན་པ་ལྟར་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཡིད་སྨོན་སྐྱེ་བའི་ཁྲའོ་ཀྲུང་མཛའ་གྲོགས་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། མཛའ་གྲོགས་དང་མཐུན་སྒྲིལ་གྱི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཁྲའོ་ཞན་ཕྱེད་གླིང་དང་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།