ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་འགྲན་བསྡུར་སྐབས་གཉིས་པ་ཟླ་10ཚེས་8ཉིན་འགོ་ཚུགས་པ།

མི་དམངས་དྲ་བའི་འཕྲིན། གསར་འགོད་པས་2019ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་གཉིས་པའི་སྒྲིག་འཛུགས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་10ཚེས་8ཉིན་ནས་ཚེས་10ཉིན་བར། ད་ཐེངས་ཀྱི་འགྲན་བསྡུར་དེ་རྒྱལ་ལམ་318ཉིང་ཁྲི་དང་། ལྷོ་ཁ། ལྷ་ས་བཅས་བར་གྱི་ལམ་དུམ་དུ་བྱ་རྒྱུ་ཡིན་ལ། འགྲན་བསྡུར་གྱི་དུས་ཡུན་ཉིན་གསུམ་ཡིན་ཞིང་། འགྲན་བསྡུར་གཙོ་བོ(གཞུང་ལམ་རྐང་འཁོར་འགྲན་བསྡུར)དང་རམ་འདེགས་འགྲན་བསྡུར(རི་ཁུལ་རྐང་འཁོར་འགྲན་བསྡུར)གཉིས་སུ་དབྱེ་ཡོད། ཟླ་10ཚེས་8ཉིན་འགོ་ཚུགས་མཛད་སྒོ་དང་འགྲན་མཚམས་དང་པོའི་འགྲན་བསྡུར་བྱས་པ་དང་། ཟླ་10ཚེས་9ཉིན་འགྲན་མཚམས་གཉིས་པའི་འགྲན་བསྡུར་བྱ་རྒྱུ་ཡིན་ལ། ཟླ་10ཚེས་10ཉིན་སྙན་གྲགས་ལྡན་པའི་རྐང་འཁོར་ཞོན་པ་དང་། མཇུག་སྒྲིལ་མཛད་སྒོ བྱ་དགའ་སྤྲོད་པའི་མཛད་སྒོ་བཅས་འཚོགས་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འགྲན་བསྡུར་གྱི་འགྲན་མཚམས་དང་པོ་ནི་ཉིང་ཁྲི་གྲོང་ཁྱེར་ནས་ཀོང་པོ་རྒྱ་མདའ་རྫོང་བར(རྒྱལ་ལམ་318དེད་ནས་བསྐྱོད་པ)ཡིན། གཞུང་ལམ་རྐང་འཁོར་འགྲན་བསྡུར་དེ་ཉིང་ཁྲིའི་ཚོགས་འགྲེམས་ལྟེ་གནས་ནས་འགོ་ཚུགས་པ་དང་། ལམ་བར་དུ་དགུན་ཚང་དང་བྲག་ཆུ་གྲོང་རྡལ་བརྒྱུད་མཐར་ཀོང་པོ་རྒྱ་མདའ་རྫོང་དུ་འབྱོར་བ་དང་། སྤྱི་ལེ་128ཙམ་ཟིན་གྱི་ཡོད། རི་ཁུལ་རྐང་འཁོར་འགྲན་བསྡུར་དེ་ཉིང་ཁྲིའི་ཚོགས་འགྲེམས་ལྟེ་གནས་ནས་འགོ་ཚུགས་ཏེ་དགུན་ཚང་དུ་འབྱོར་བ་དང་། དེར་སྤྱི་ལེ་36ཙམ་ཡོད། འགྲན་མཚམས་གཉིས་པ་ལྷོ་ཁ་གྲོང་ཁྱེར་ནས་ལྷ་སའི་སྣེའུ་བར(རྩེ་གོང་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་318དེད་ནས་སྐྱོད་པ)བར་ཡིན་པ་རེད། གཞུང་ལམ་རྐང་འཁོར་འགྲན་བསྡུར་དེ་ལྷོ་ཁ་གྲོང་ཁྱེར་ལུས་རྩལ་ཐང་ནས་འགོ་ཚུགས་ཏེ་ལམ་བར་དུ་ཧུའུ་པེ་ལམ་ཆེན་དང་། རྩེ་ཐང་ཡར་ཀླུང་གཙང་པོའི་ཟམ་ཆེན། རྩེ་གོང་མྱུར་བགྲོད་གཞུང་ལམ་བཅས་བརྒྱུད་ནས“ཟམ་པ་གཉིས་དང་ཕུག་ལམ་གཅིག”བརྒྱུད་དེ་རྒྱལ་ལམ་318དུ་བསྐྱོད་པ་དང་། ལམ་བར་དུ་གནམ་ཤང་དང་། མཉེས་ཐང་ཤང་། སྟོད་ལུང་བདེ་ཆེན་ཆུས་བཅས་བརྒྱུད་ནས། སྣེའུ་ཤར་ཟམ་ཆེན་ཐོག་བསྐྱོད་རྗེས་ལྷོ་སྐོར་ལམ་དེད་ནས་མཐར་སྣེའུ་ཟམ་ཆེན་གྱི་ནུབ་ངོས་སྨི་200ཡི་སར་འབྱོར་བ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་160ཙམ་ཡོད་པ་རེད། རི་ཁུལ་རྐང་འཁོར་འགྲན་བསྡུར་དེ་ལྷོ་ཁ་གྲོང་ཁྱེར་ལུས་རྩལ་ཐང་ནས་འགོ་ཚུགས་ཏེ་ལམ་བར་དུ་ཧུའུ་པེ་ལམ་ཆེན་དང་། རྩེ་ཐང་ཡར་ཀླུང་གཙང་པོའི་ཟམ་ཆེན། རྩེ་གོང་མྱུར་བགྲོད་གཞུང་ལམ། བསམ་ཡས་གྲོང་རྡལ་བཅས་བརྒྱུད་མཐར་བསམ་ཡས་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུ་ལྟེ་གནས་སུ་འབྱོར་བ་དང་སྤྱི་ལེ་36ཙམ་ཡོད། འགྲན་མཚམས་གསུམ་པ་ནི་སྙན་གྲགས་ལྡན་པའི་རྐང་འཁོར་ཞོན་པ་དེ་ཡིན། གཞུང་ལམ་ཚོགས་ཆུང་དང་རི་ཁུལ་ཚོགས་ཆུང་གིས་མཉམ་དུ་ལྷ་སའི་སྣེའུ་ཟམ་ཆེན་གྱི་ནུབ་ངོས་སྨི་200ཡི་མཚམས་ནས་འགོ་བཙུགས་ཏེ་ལམ་བར་ལྷོ་སྐོར་ལམ་དང་། གཉེན་བསུ་ཟམ་ཆེན་གཡོན་སྐོར། ལྷ་ཞབས་གླིང་ཕྲན། ཉི་འོད་གླིང་ཕྲན། རང་སྐྱོང་ལྗོངས་སྲིད་གཞུང་། འཁར་རྔ་ཤར་ལམ་བཅས་བརྒྱུད་མཐར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འབྱོར་བ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་10ཙམ་ཡོད་པ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ནང་། འགྲན་བསྡུར་གཙོ་བོར་རྐང་འཁོར་རུ་ཁག་21ཞུགས་ཡོད་པ་དང་། ལྗོངས་ཕྱིའི་རྐང་འཁོར་རུ་ཁག་15དང་ལྗོངས་ནང་ཁུལ་གྱི་རྐང་འཁོར་རུ་ཁག་2བཅས་ཡོད་པ་མ་ཟད། ད་དུང་རྒྱལ་སྤྱིའི་རྐང་འཁོར་རུ་ཁག་4གདན་ཞུ་བྱས་ཡོད། དེའི་ནང་བལ་ཡུལ་གྱི་རྐང་འཁོར་རུ་ཁག་2དང་། ཕ་ཁི་སི་ཐན་གྱི་རྐང་འཁོར་རུ་ཁག་1 ཡུག་རེན་གྱི་རྐང་འཁོར་རུ་ཁག་1བཅས་ཡོད་པ་རེད། རམ་འདེགས་འགྲན་བསྡུར་ལ་ཁྱོན་རྐང་འཁོར་རུ་ཁག་10ཞུགས་ཡོད་པ་དང་། ལྗོངས་ནང་ཁུལ་གྱི་གྲོང་ཁྱེར(ས་ཁུལ)5ནས་རྐང་འཁོར་རུ་ཁག་རེ་དང་། རྐང་འཁོར་སྤྲོ་སྐྱིད་ཁང་གི་རྐང་འཁོར་རུ་ཁག་4 ལྗོངས་ལུས་རྩལ་སློབ་གྲྭའི་རྐང་འཁོར་རུ་ཁག་1བཅས་ཡོད་པ་རེད།