ཞི་ཅིན་ཕིང་གིས་པུར་ཀ་རི་ཡ་དང་། རོ་མ་ནི་ཡ། ཅེ་ཁེ། སི་ལོ་ཝ་ཁེ། ཧང་ག་རི། ཕོ་ལན་བཅས་རྒྱལ་ཁབ་དྲུག་གི་གཙོ་བདག་དང་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

— ལི་ཁེ་ཆང་གིས་རྒྱལ་ཁབ་དྲུག་གི་ཙུང་ལི་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་4ནས་ཚེས་7ཉིན་བར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུར་ཀ་རི་ཡ་དང་། རོ་མ་ནི་ཡ། ཅེ་ཁེ། སི་ལོ་ཝ་ཁེ། ཧང་ག་རི། ཕོ་ལན་བཅས་རྒྱལ་ཁབ་དྲུག་གི་གཙོ་བདག་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཀྲུང་གོ་དང་རྒྱལ་ཁབ་དྲུག་གི་བར་ལ་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་རྒྱལ་ཁབ་དྲུག་གི་སྲིད་གཞུང་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕིང་གིས་རྒྱལ་ཁབ་དྲུག་ནི་ཀྲུང་གོ་གསར་པ་ཁས་བླངས་པ་དང་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཁག་ཅིག་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་70སོང་རིང་། ཀྲུང་གོས་རྒྱལ་ཁབ་དྲུག་དང་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྩ་དོན་ལ་བརྟེན་ནས་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས་ཀྲུང་གོ་དང་རྒྱལ་ཁབ་དྲུག་གི་མི་དམངས་ལ་དངོས་གནས་དྲང་གནས་ཀྱི་ཕན་པ་ཐོབ་ཡོད། མིག་སྔར་ཕྱོགས་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་དམ་ཟབ་ཡོད་པ་དང་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཤིང་། སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་སྤེལ་རེས་ཕུན་སུམ་ཚོགས་པོ་ཡོང་ཡོད། དུས་རབས་གསར་པར་ཀྲུང་གོ་དང་རྒྱལ་ཁབ་དྲུག་དབར་གྱི་འབྲེལ་བར་མདུན་ལམ་སྔར་བས་རྒྱ་ཆེན་པོ་ལྡན་ཡོད། ངས་རྒྱལ་ཁབ་དྲུག་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་ཁབ་དྲུག་གི་གཙོ་བདག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བ་དེ་འགོ་འཛུགས་ས་གསར་པ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་གོ་སྐབས་ཡག་པོ་སྤྱད་དེ་སྲོལ་རྒྱུན་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་དྲུག་གི་གཙོ་བདག་ཚོས། ལོ་70ཡི་རིང་རང་ཉིད་རྒྱལ་ཁབ་དང་ཀྲུང་གོའི་བར་ལ་ཕྱོགས་གཉིས་པོའི་འབྲེལ་བས་དུས་ཚོད་དང་རྒྱལ་སྤྱིའི་དུས་བབ་ཀྱི་ཚོད་བགམ་ཐེག་ནས་འཕེལ་རྒྱས་ཆེན་པོ་བྱུང་ཞིང་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད། རྒྱལ་ཁབ་དྲུག་གིས་ཀྲུང་གོར་དེང་རབས་ཅན་འཛུགས་སྐྲུན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་དང་། ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན། སྲོལ་རྒྱུན་མཛའ་གྲོགས་ལ་མཐོང་ཆེན་བཅས་བྱས་ཡོད་པས། ཀྲུང་གོ་དང་ཕྱོགས་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་མགྲིན་གཅིག་ཏུ་གསུངས་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཀྱང་རྒྱལ་ཁབ་དྲུག་གི་ཙུང་ལི་དང་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་རེད། ལི་ཁེ་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་དྲུག་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བ་དེ་གོ་སྐབས་སུ་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་མཉམ་ལས་ལ་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཉིས་ཁེ་གཉིས་ཕན་སྔར་བས་ལེགས་པ་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། རྒྱལ་ཁབ་དྲུག་གི་ཙུང་ལི་དག་གིས་ཀྲུང་གོ་ཕྱོགས་དང་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཕྱོགས་གཉིས་པོའི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།