རང་ཞིང་གིས་འགན་སྲུང་དངུལ་གཡོ་ལེན་ལ་ཆེད་དམིགས་རྡུང་རྡེག་བྱས་པར་འབྲས་བུ་སྨིན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཟླ10པའི་ཚེས8ཉིན། གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་ལེན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཟླ4པ་ནས་བཟུང་སྨན་བཅོས་འགན་ལེན་གྱི་ཐེབས་རྩའི་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་གཏང་བའི་ཆེད་དོན་བཅོས་སྒྲིག་བྱ་བར་རྒྱུན་མཐུད་ངང་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་དང་། སྟོབས་ཤུགས་གཅིག་སྒྲིལ། ཐབས་མང་མཉམ་སྤྱོད་བཅས་བྱས་ནས། ཁོངས་གཏོགས་ཁུལ་གྱི་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞི་ཚང་མའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པས་མགོ་སྐོར་གཡོ་ཁྲམ་ལ་མུ་མཐུད་རྡུང་རྡེག་དང་། སྨན་བཅོས་འགན་བཅོལ་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་ཆགས་ཡོད་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་མགོ་སྐོར་གཡོ་ལེན་གྱི་སྨན་བཅོས་འགན་ལེན་ཐེབས་རྩའི་ཆེད་དོན་བཅོས་སྒྲིག་ལ་རྡུང་རྡེག་གཏང་བའི་དུས་མཚམས་གཉིས་སུ་དབྱེ་ཡོད། ཟླ4པ་ནས8པའི་བར་གྱི་རང་བཤེར་རང་བཅོས་ཀྱི་དུས་མཚམས་ནང་ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་སྨན་བཅོས་འགན་བཅོལ་དོ་དམ་གྱི་གཏན་འབེབས་གཞིར་བཟུང་ཐོག ཡུལ་དངོས་སུ་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞི2940ཞིབ་བཤེར་བྱས་པ་དང་། དེ་ལས་སྨན་བཅོས་འགན་བཅོལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཡོད་པའི་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞི1105ཤེས་རྟོགས་བྱུང་བ་དང་། དེ་རུ་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་གྲོས་མཐུན14མེད་པ་བཟོས་པ། སྨན་བཅོས་འགན་བཅོལ་གྱི་ཞབས་ཞུ295མཚམས་འཇོག་བྱས་པ། སྨན་བཅོས་འགན་བཅོལ་གྱི་སྒྲིག་འགལ་གྱི་འགྲོ་གྲོན་ཁྱོན་སྒོར་ཁྲི411.47ཙམ་སྤྲད་མེད་པ་རེད། 

ཟླ9པ་ནས་ཟླ11པའི་བར། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་རིམ་ཁག་སྨན་བཅོས་འགན་བཅོལ་གྱི་ཁྲིམས་འཛིན་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས“ཡུལ་དངོས་བཅར་འདྲི་བྱས་ནས་རེ་རེ་བཞིན་གྲལ་བཤེར་དང་། མང་ཚོགས་ཀྱི་ཞུ་གཏུག་ཐེར་འདོན་ཞིབ་བཤེར། སྨན་བཅོས་འགན་བཅོལ་གྱི་ལྟ་སྐུལ་ཚོད་འཛིན་གྱི་རིག་ནུས་ཞིབ་བཤེར”བཅས་ཀྱི་རྩ་དོན་གཞིར་བཟུང་ཞིང་ཆེན་ཡོངས་ནས་འཐེན་བཤེར་བསྐྱར་ཞིབ་དང་ཕྱོགས་སྡོམ་ཐག་གཅོད་ཀྱི་དུས་མཚམས་སུ་བསྒྱུར་ཡོད། དུས་ཐོག་ཏུ་དུས་འགོའི་ཁྲིམས་འཛིན་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་བཅོས་སྐྱོང་གི་ཁེབས་རྒྱ་དང་། ཐེར་འདོན་ཁུངས་སྣེ་ཞིབ་བཤེར། ཁྲིམས་འཛིན་ཚད་ལྡན་སོགས་ཀྱི་ཐད་གྲོང་ཁྱེར་དང་ཁུལ་ཁག་གི་སྨན་བཅོས་འགན་བཅོལ་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཕན་ཚུན་ཞིབ་བཤེར་བྱས་ཏེ། ཁྲིམས་འཛིན་བརྡ་ཁྱབ་དང་དཔེ་མཚོན་དམར་རྗེན་དུ་འདོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱ་ཆེའི་མང་ཚོགས་ལ་ཁྲིམས་འགལ་སྨན་རྫས་ཁེ་ལས་ཀྱི་མིང་ཐོ་དུས་ཐོག་ཏུ་ཡོངས་སྒྲོག་བྱས་ཏེ་ཁྲིམས་འཛིན་གྱི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་ནས། རྡུང་རྡེག་ཚ་ནན་དང་མགོ་སྐོར་གཡོ་ལེན་གྱི་བྱེད་སྤྱོད་རྒྱུན་མཐུད་ངང་ཐོན་པའི་རྣམ་པ་ཞིག་ཆགས་པ་བྱས་ཡོད། 

ལོ་ཙཱ་བ།རྟ་མགྲིན་དཔལ།