མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཡོངས་ཀྱི་རྒན་གསོ་བཅོས་སྒྱུར་ཚོད་ལྟའི་ས་ཚུགས་སུ་གྱུར་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།    ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་རེ་ཞུའི་འཕྲོ་ནས། ཉེ་བའི་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱང་། རྒྱལ་ཡོངས་ཀྱི་ཁག་བཞི་པའི་ཁྱིམ་གཞིས་འཛིན་ས་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་སྒྱུར་བཅོས་ཚོད་ལྟའི་ས་ཚུགས་སུ་གྱུར།

རང་ཞིང་གི་གཞིས་འཛིན་དང་སྡེ་ཁུལ་རྒན་གསོའི་ཞབས་ཞུའི་བྱ་བར་སྔར་ལས་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་དགོས་མཁོ་ཟམ་མི་ཆད་པར་བསྐང་ཆེད། ཞིང་ཆེན་ནོར་སྲིད་ཐིང་དང་ནོར་སྲིད་ཐིང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཕྱོགས་ཡོངས་ནས་འཆར་འགོད་བྱས་ཏེ།ཕྱོགས་མང་པོའི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་བརྒྱུད། མཚོ་བྱང་ཁུལ་འདི་ཉིད་རྒྱལ་ཡོངས་ཀྱི་ཁག་བཞི་པའི་ཁྱིམ་ཁྱིམ་འཛིན་ཡུལ་དང་སྡེ་ཁུལ་རྒན་གསོའི་ཞབས་ཞུ་སྒྱུར་བཅོས་ཀྱི་ཚོད་ལྟའི་ས་ཚུགས་སུ་རེ་ཞུ་བྱས་ཏེ་ཆོག་མཆན་ཐོབ། མཚོ་བྱང་ཁུལ་གྱིས་ད་ཡོད་ཀྱི་བྱེད་སྟངས་སྲ་བརྟན་དུ་གཏང་བའི་རྨང་གཞིའི་ཐོག་ས་ཁུལ་གྱི་རྒན་རྒོན་མི་འབོར་གྱི་གཞི་ཁྱོན་དང་། ཞབས་ཞུའི་ཁྱབ་ཚད། ནོར་ཤུགས་ཀྱི་གནས་ཚུལ། མི་རིགས་ཀྱི་ཁྱད་ཆོས་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ནས། རྒན་གསོའི་ཞབས་ཞུ་དེ་ཁྲོམ་རའི་རང་བཞིན་དུ་སྐྱེད་སྲིང་དང་། “འཕྲུལ་ཤེས་རྒན་གསོ”དང་། རྒན་གསོའི་མི་སྣའི་དཔུང་ཁག་འཛུགས་སྐྱོང་། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ། ཕྱོགས་གསུམ་པའི་ལྟ་སྐུལ་དོ་དམ་ལམ་སྲོལ་སྐྱེད་སྲིང་སོགས་ཀྱི་ཐད་སྣུར་སྲིང་བྱས་ནས།ས་གནས་དེ་གའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒན་གསོའི་ཞབས་ཞུའི་འཕེལ་རྒྱས་ཀྱི་ཕྱོགས་སུ་ཁོ་ལོ་བསྒྱུར་བྱ་རྒྱུ་རེད། 

ཉེ་བའི་ལོ་ཤས་རིང་། རང་ཞིང་གི་སྤྱི་ཚོགས་ཕན་བདེའི་བྱ་གཞག་འཕེལ་རྒྱས་མྱུར་པོ་འགྲོ་བའི་ལམ་བུའི་ཐོག་བསྐྱོད་པ་དང་། ཁྱིམ་གཞིས་འཛིན་པ་རྨང་གཞིར་བྱེད་པ། སྡེ་ཁུལ་རྒྱབ་རྟེན་དུ་བྱེད་པ། སྒྲིག་གཞིའི་ཁ་གསབ། རྒན་གསོའི་ཞབས་ཞུ་གཙོ་གནད་དུ་བྱེད་པ་བཅས་ཀྱི་ཐོག་ནས་སྣ་མང་ཅན་གྱི་མ་འཇོག་དང་། རིམ་པ་མང་བའི་འཕེལ་རྒྱས། ཆེད་ལས་ཅན་གྱི་ཞབས་ཞུ། ཀུན་ཕན་འོས་འཚམ་བཅས་ཀྱི་སྤྱི་ཚོགས་ཕན་བདེའི་ཞབས་ཞུའི་མ་ལག་གསར་པ་གཞི་རྩའི་ཆ་ནས་ཆགས་ནས་རྒན་རྒོན་དང་། དབང་པོ་སྐྱོན་ཅན། དྭ་ཕྲུག་སོགས་དམིགས་བསལ་ཚོགས་སྤྱིའི་གཞི་རྩའི་ཁེ་དབང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད། ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ཁ་གསབ་དང་རྒན་རྒོན་གྱི་ཕོགས་སྣོན་རྒྱུན་ཆད་མེད་པར་ཁྱབ་གདལ་བཏང་བ་དང་། སྡེ་ཁུལ་གྱི་ཞབས་ཞུའི་སྒྲིག་བཀོད་དང་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ། རྒྱ་ཆེའི་རྒན་རྒོན་ལ་སྤྱི་ཚོགས་ཀྱི་ཕན་བདེ་སྔར་ལས་མང་བ་ལོངས་སུ་སྤྱོད་རྒྱུ་བྱུང་བ་བཅས་རེད། རང་རེའི་ཞིང་ཆེན་གྱིས་སྔ་རྗེས་སུ་རྒན་གསོའི་སྒྲིག་གཞི་དོ་དམ་དང་། སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ། སྨན་བཅོས་དང་རྒན་གསོ་མཉམ་འདྲེས་སོགས་ཐད་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས30ལྷག་ཙམ་བཏོན་ཡོད། ལྷག་པར་དུ་སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་དང་། ཕོགས་སྣོན། སྲིད་གཞུང་གིས་རྒན་རྒོན་གྱི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་དང་རྒན་གསོའི་སྒྲིག་གཞིའི་ཕྱོགས་བསྡུས་འགན་འཁྲིའི་འགན་བཅོལ། ཞིང་འབྲོག་ཁུལ་གྱི་ཚབ་གསོའི་ཞབས་ཞུ། རྒན་གསོའི་ཞབས་ཞུའི་ཁྲོམ་ར་ཕྱོགས་ཡོངས་ནས་སྒོ་མོ་ཕྱེ་ནས་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏང་བ་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་བཏོན་པ་དེས་རང་ཞིང་གི་རྒན་གསོའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཡོད། ཞེས་བསྟན།

ལོ་ཙཱ་བ།རྟ་མགྲིན་དཔལ།