སྤྱི་མཐུན་རྒྱལ་ཁབ་དང་ལྷན་དུ་ནར་སོན་པའི་རྡུལ་ཕྲན་མཁར།

▲མཚོ་བྱང་ཁུལ་མདའ་བཞི་རྫོང་ཁོངས་ཀྱི་བརླན་སའི་མཛེས་ལྗོངས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིས་ལིན་ཧེ་ཡིས་པར་བླངས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། སྟོན་ཟླ་བཅུ་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གསེར་དངུལ་རྩྭ་ཐང་གི་རྩྭ་མདོག་རིམ་བཞིན་སེར་པོར་གྱུར་ཡོད་ཅིང་ནོར་ལུག་མང་པོས་ཁྱུ་དང་ཁྱུ་བྱས་ཏེ་རྩྭ་ཟ་བཞིན་འདུག ཏག་ཏག་ཡུལ་འདི་རུ། ཀྲུང་གོ་གསར་བ་ཀྲོང་ངེར་འགྱིང་བྱེད་ཀྱི་སྒལ་རུས་ལྟ་བུའི་རྡུལ་ཕྲན་འབར་མདེལ་དང་ཆིང་ཏན་འབར་མདེལ་དང་པོ་བྱུང་བ་རེད།

རྩྭ་ཐང་སྟེང་གནས་པའི་ཀྲུང་གོའི་རྡུལ་ཕྲན་མཁར་ནི་ད་ལྟའི་མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་ཡོད་ཅིང་། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་དང་གསར་བཟོའི་རྟེན་གཞི(དེང་མའི་གཉིས་གཉིས་གཅིག་རྟེན་གཞི)ཐོག་མ་དེ་ཡིན་ལ། 1958ལོའི་ཟླ8པར་འཛུགས་གྲབས་བྱས་ཤིང་། དུས་རབས་གོང་མའི་ལོ་རབས90བར་ཕྱོགས་ཡོངས་ནས་ཕྱིར་འཕེན་བྱས་པ་རེད། སྔོན་ཆད་ཚང་མས་ཤེས་པའི་ལྐོག་གྱུར་གྱི་བཀག་སྡོམ་ཁུལ་དེ་ཡིན་ཞིང་། ད་ལྟ་ས་མཐོའི་སྐྱེ་ཁམས་གནས་སྐོར་གྱི་མཁར་གྲོང་གསར་བ་ཞིག་ཏུ་གྱུར་ཡོད།

ནུབ་མཚོ་གྲོང་རྡལ་གྱི“ཧྲང་ཞིན་ས་ཚིགས”སུ་སྐྱོད་སྐབས་མཐོ་ཞིང་བརྗིད་པའི་ཀ་རྡོ11གིས་དེ་སྔའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་དཔང་པོ་བྱེད་ཀྱིན་གདའ། ལོ་དེར་རྡུལ་ཕྲན་འབར་མདེལ་དེ་གཉིས་གཉིས་གཅིག་རྟེན་གཞི་གཉིས་པ་ནས་སྡེབ་སྒྲིག་བྱས་ཚར་རྗེས། འདི་རུ་མེ་འཁོར་ནང་བཞག་ནས་ཞིན་ཅང་ལུའོ་པུའུ་ཕོ་རུ་སྐྱེལ་བ་རེད། ད་སྐབས་ཡང་ས་ཚིགས་ཆུང་བའི་ནང་དུ་ད་དུང“ཉེན་ཆེའི་དངོས་རྫས་ཀྱི་འབབ་སྟེགས”ཞེས་པའི་སྦྱར་བྱང་མཐོང་རྒྱུ་འདུག

▲དེ་སྔའི་གཉིས་གཉིས་གཅིག་བཟོ་གྲྭའི“ཧྲང་ཞིན་ས་ཚིགས”ཀྱི་གནའ་ཤུལ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིས་ལིན་ཧེ་ཡིས་པར་བླངས།

ལོ65ལ་སླེབས་པའི་བོད་རིགས་རྒད་པོ་ཅ་ཧྲེང་ཏ་ཡིས་སྔོན་ཆད་ལོ7རིང་རྡུལ་ཕྲན་འབར་མདེལ་རྒྱུ་ཆ་ཐོན་སྐྱེད་བྱས་པའི་བཟོ་གྲྭའི་ཁང་རྙིང་བརྟན་སྲུང་བྱས་ཡོད་པ་དང་། ཡུལ་འདིའི་འགྱུར་ལྡོག་གླེང་སྐབས། རྒད་པོའི་མིག་ཆུ་དབང་མེད་དུ་ཤོར་ཞིང་ངུ་སྐད་འགག་པའི་ངང“དེ་དུས་རྡུལ་ཕྲན་འབར་མདེལ་ཞིབ་འཇུག་དང་གསར་བཟོའི་ནང་ཞུགས་མཁན་གྱི་ཚན་རིག་པ་དེ་དག་དང་བསྡུར་ན་ང་ཚོས་ཚེ་གང་བོར་མྱངས་པའི་དཀའ་སྡུག་འདི་ཅི་ཡང་མ་རེད། རྡུལ་ཕྲན་མཁར་ནི་མཚོ་སྔོན་གྱི་ལོངས་སྤྱོད་དང་ཀྲུང་གོ་ཡི་གཟི་བརྗིད་ཡིན་པས། ང་ཚོས་ངེས་པར་དུ་འདི་ལ་སྲུང་སྐྱོབ་ཡག་པོ་བྱ་དགོས།”ཟེར།

གསར་འགོད་པར་དེ་སྔ་རྡུལ་ཕྲན་འབར་མདེལ་ཞིབ་འཇུག་གསར་སྤེལ་ནང་ཞུགས་པའི་ཉམས་མྱོང་སྐོར་གླེང་སྐབས། ལོ84ལ་སླེབས་པའི་རྒད་པོ་ལིག་ཀྲའོ་མིང་གི་རིག་ལམ་གསལ་ཞིང་མིག་ཟུང་ལ་འོད་འཕྲོ་བཞིན་འདུག ལིག་ཀྲའོ་མིང་གི་ཕ་ཡུལ་ནི་ལའོ་ཉིང་ཧྲེན་དབྱང་ནས་ཡིན་ཞིང་། 1960ལོར་པེ་ཅིང་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ནས་མཐར་ཕྱིན་པ་དང་། ལོ3གྱི་རྗེས་ནས་མཚོ་སྔོན་དུ་བྱ་བ་སྒྲུབ་པར་ལས་བགོས་བྱས།

▲ལིག་ཀྲའོ་མིང་གིས་རང་ཁྱིམ་དུ་གསར་འགོད་པར་འབྲེལ་ཡོད་ཀྱི་པར་སྟོན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིས་ལིན་ཧེ་ཡིས་པར་བླངས།

“ དེ་དུས་ང་ཚོས་རང་ཉིད་ཀྱིས་ལས་ཀ་གང་ཞིག་བྱེད་དགོས་པ་ཤེས་ཀྱི་མེད་ལ། ལག་ཏུ་པ་སེ་བཟུང་ཞིང་ཤིང་སྒམ་དྲུད་ནས་ས་མཐོའི་མཚོ་སྔོན་རྡོག་པས་མནན་པ་དང་། དེ་དུས་ང་དང་མཉམ་དུ་ཡོང་བའི་སློབ་གྲོགས20ཡོད།” ཅེས་ལིག་ཀྲའོ་མིང་གིས་བཤད།

རྗེས་སུ། ལིག་ཀྲའོ་མིང་གིས་རང་གི་ལས་ཀ་ནི“དམིགས་བསལ”གྱི་བྱ་གཞག་ཅིག་ཡིན་པ་ཚོར་བྱུང་། ས་འོག་འབར་མདེལ་གྱི་སྦུ་གུ་ཞིབ་བཟོ་བྱེད་པ་ནས་འབར་རྫས་ཀྱི་རྡེབ་རླབས་ཞིབ་བཟོ་བྱེད་པའི་བར་ཁོང་ནི་ལག་རྩལ་བ་དང་བཟོ་སྐྲུན་པ་བྱས་མྱོང་ལ། འཁོར་ཁང་གི་འགན་འཁུར་བ་དང་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཡང་གཅིག་ལྕོགས་སུ་འཁུར་མྱོང་།

“ དེ་དུས་ང་ཚོའི་ཆ་རྐྱེན་ཧ་ཅང་ཐབས་རྡུགས་ཡིན་ལ། ཉིན་རྒྱུན་མཁོ་སྤྲོད་བྱས་པའི་ཟ་མ་ཁྱོན་བསྡོམས་སྲང་བརྒྱད་ལས་མི་འདུག ཟ་མ་དེ་ཙམ་གྱིས་སྐབས་དེའི་གསར་བུ་ཚོའི་ཕོ་བ་ཇི་ལྟར་བརྒྱགས། ཡིན་ཡང‘སྔོན་ལ་ཐོན་སྐྱེད་བྱེད་པ་དང་རྗེས་སུ་འཚོ་བ་སྐྱེལ་བ’ཞེས་པའི་སྒྲིག་ཁྲིམས་དེ་ང་ཚོའི་སེམས་སུ་བརྐོས་ཡོད་པ་དང་། སྦྲ་གུར་ནང་བསྡད་ཡོད་རུང་ང་ཚོས་མི་འདོད་པའི་སྐད་ཆ་ཚིག་གཅིག་ཀྱང་བཤད་མྱོང་མེད” ཅེས་ལིག་ཀྲའོ་མིང་གིས་བཤད།

ལོ་དེར། ཚན་རིག་པ་མང་པོས་མཚན་གུང་བར་དུ་ཕྱག་ལས་གནང་ཞིང་། བཀྲེས་ལྟོགས་ཀྱིས་མནར་བའི་སྐབས་སུ་ཆུ་ཁོལ་འཐུང་རྒྱུ་ལས་ཐབས་གཞན་མེད། ཐུན་མོང་གི་དད་སེམས་ཤིག་གིས་ཚན་རིག་པ་ཡོངས་ཀྱི་ངར་ཤུགས་ལ་སྐུལ་མ་བཏང་སྟེ། ཇི་འདྲའི་དབུལ་ན་ཡང“ཁྱི་རྒྱག་དབྱུག་པ”ཞིག་ཡོད་དགོས་བསམ།

མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་འགོ་གཙོ་གཞོན་པ་ཀྲིག་ཀོང་ཅིན་གྱིས་བཤད་རྒྱུར། ཚན་རིག་པ་དག་ཡོང་དུས་ལང་ཚོའི་དཔལ་རྒྱས་ཡོད་ཀྱང་འགྲོ་དུས་སྐྲ་ལོ་དཀར་པོར་གྱུར་ཡོད་ལ། ཁོང་ཚོས་ལོ་རྒྱུས་ཤིག་གསར་གཏོད་གནང་ཡོད་པས་རང་ཉིད་ནི་ས་རྡུལ་ཙམ་ལ་ཡང་མི་དོ་བའི་ངེས་ཤེས་འབྱུང་ཟེར།

ད་ལྟ། ལིག་ཀྲའོ་མིང་དང་ཁྱིམ་མི་ཚང་མ་མཚོ་སྔོན་དུ་གཞི་ཚུགས་ཡོད་ཅིང་། ཁོང་གི་ཁྱིམ་དུ་དེ་སྔའི་བཟོ་གྲྭའི་ལག་ཁྱེར་དང་སྨན་བཅོས་འཛིན་ཡིག་སོགས་སྔར་བཞིན་ཉར་ཚགས་བྱས་ཡོད་ལ། “ངའི་ཚེ་སྨད་ཕ་ཡུལ་དང་ཁ་བྲལ་ཏེ་མཚོ་སྔོན་ནས་རོལ་དགོས་བྱུང་ཡང་། ངའི་མི་ཚེ་སྟོང་ཟད་དུ་བཏང་མེད་པར་དགའ་བ་སྐྱེས་ཡོད།” ཟེར།

ཕ་ཡུལ་དང་ཁ་བྲལ་བ་ལ་ད་དུང་རྩྭ་ཐང་གི་འབྲོག་པ་ཡོད། 1958ལོའི་ཟླ10བར། གསེར་དངུལ་རྩྭ་ཐང་དུ་སྡོད་པའི་ཁྱིམ་ཚང1279ཡི་འབྲོག་པ་མང་ཚོགས6700ལྷག་གིས་རྒྱལ་ཁབ་འཛུགས་སྐྲུན་གྱི་དགོས་མཁོར་གཞིགས་ཏེ་ནོར་ལུག་དེད་ནས་ཕ་ཡུལ་དང་ཁ་བྲལ་བ་རེད། དེ་སྔ་གནས་སྤོར་བྱས་པའི་འབྲོག་པ་རྒྱབ་ཚང་བསོད་ནམས་ཀྱིས་ལོ་དེའི་ཕ་ཡུལ་དང་བྲལ་བར་འཁང་ར་སྤུ་ཙམ་ཡང་མི་བྱེད་པར། ཡིད་ཆེས་བརྟན་པོའི་ངང“རྒྱལ་ཁབ་སྟོབས་ཀྱིས་དར་ན། ང་ཚོ་ཡུན་གྱིས་དར་ཡོང་།”ཟེར།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས “ ང་ཚོའི་རྐང་འོག་གི་ས་གཞི་དྲོན་མོ་འདིས་སྔོན་ཆད་རྒྱལ་ཁབ་ཀྱི་ཟིལ་ཤུགས་ངོམ་པའི་བརྗིད་ཆེའི་སྙན་རྩོམ་བྲིས་ཡོད་ལ། ‘མདེལ་གཉིས་སྐར་གཅིག’གི་རླབས་ཆེན་སྙིང་སྟོབས་ཀྱང་བསྐྲུན་པ་རེད། དེང་གི་ཆར་ཡང་རླབས་ཆེན་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བའི་འཁྲུངས་སྐར་བསུས་ཤིང་། ལོ་ངོ70རིང་གི་སྲིད་པའི་རི་ཆེན་དང་བསྐལ་བའི་ཡུལ་གྲོང་། ལོ་ངོ70རིང་གི་འཇིག་རྟེན་གྱི་འགྱུར་བ་ཇི་སྙེད་དང་དཀའ་ངལ་ཡུན་རིང་བརྒྱུད་པའི་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་བ། སྟོབས་ཆེར་གྱུར་བའི་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་བ་རེད། ” ཅེས་བསྟན།

སྔོན་ཆད་ཀྱི་ལྐོག་གྱུར་བཀག་སྡོམ་ས་ཁུལ་དེ་ད་ལྟ་མཐོ་སྒང་གི་གྲོང་ཁྱེར་ཆུང་ཆུང་ཞིག་ཏུ་གྱུར་ཡོད་ལ། མཚོ་སྔོན་པོ་དང་མདོ་ལ་རི་བོའི་བར་དུ་གནས་ཤིང་། མཚོ་བྱང་ཁུལ་ཡང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་འདུག

གསེར་མདོག་གི་དུས་ཚིགས་འདིར། རྡུལ་ཕྲན་མཁར་ལ་ཡུལ་སྐོར་བ་རྒྱུན་ཆད་མེད་ལ། དྲན་གསོ་ཁང་དུ་ལྟ་སྐོར་བྱས་མ་ཐག་པའི་ཧྲན་ཏུང་གི་ཡུལ་སྐོར་བ་ཀྲུང་ཝེ་ཝུ་ཡིས་ཆུང་དུས་ནས‘མདེལ་གཉིས་སྐར་གཅིག’དང་འབྲེལ་བའི་གློག་བརྙན་ལ་བལྟས་མྱོང་ཞིང་། ང་ཚོའི་རྒྱལ་ཁབ་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་ནི་མི་རབས་ནས་མི་རབས་བར་འབད་འཐབ་ལྷོད་མེད་བྱས་པའི་འབྲས་བུ་ཞིག་ཡིན་པས་དུས་རབས་གསར་བར་ཡང་སྙིང་སྟོབས་དེའི་རིགས་རྒྱུན་འཛིན་བྱེད་དགོས་ཞེས་བཤད།

ནུབ་མཚོ་གྲོང་རྡལ་འཇུ་ལག་ལམ་ཨང2པའི་མཐོ་ཚད་ལ་སྨི16ཡོད་པའི་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་ཐོག་མའི་དྲན་གསོའི་རྡོ་རིང་དེ་དེ་སྔའི་གཉིས་གཉིས་གཅིག་སྤྱི་ཁྱབ་བཟོ་གྲྭའི་ཟུར་དུ་ཀྲོང་ངེར་འགྱིང་ཡོད། རྡོ་རིང་དེའི་རྩེ་མོར་ཞི་བདེའི་ཕུག་རོན4བརྐོས་ཡོད་པ་དང་དེ་དག་གིས་འཛམ་གླིང་ལ་ལིག་ཀྲའོ་མིང་ལྟ་བུའི་ཚན་རིག་པ་མང་པོས་ཚེ་གང་འབད་འཐབ་བྱས་པའི་དོན་སྙིང་སྟེ། ཀྲུང་གོའི་ཉིང་རྡུལ་བཟོ་ལས་འཕེལ་རྒྱས་གཏང་ཆེད་འབད་བརྩོན་དང་ཞི་བདེ་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་ཕུལ་བ་ཁྱབ་བསྒྲགས་བྱས་འདུག