རང་ཞིང་གི་དང་བླངས་པ་ཨང37པས་སྒེར་སེམས་ཕངས་མེད་དུ་དོར་ནས་ཟུངས་ཁྲག་གི་ཞལ་འདེབས་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ9ཚེས30ཉིན། རང་ཞིང་གི་དང་བླངས་པ་ཧྥང་ཀོས་ཞན་གྱིས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་ལས་བྱེད་མི་སྣའི་རོགས་རམ་འོག ཞི་ཨན་གྲོང་ཁྱེར་གྱི་སྨན་ཁང་ཞིག་གི་ནང་ཞག་སྡོད་བྱེད་པའི་ལོ་ན4སོན་པའི་ཁྲག་ནད་ཅན་གྱི་བུ་མོ་ཆུང་ཆུང་ཞིག་ལ་ཟུངས་ཁྲག་གི་ཞལ་འདེབས་གནང་ནས་བུ་མོ་ཆུང་ཆུང་དེར་ཡང་བསྐྱར་ཚེ་སྲོག་གི་ས་བོན་གསར་བ་ཞིག་བཏབ་པ་ལེགས་འགྲུབ་བྱུང་། ཁོ་ནི་རང་ཞིང་གི་ཟུངས་ཁྲག་གིས་ཞལ་འདེབས་གནང་བ་ལེགས་འགྲུབ་བྱུང་བའི་དང་བླངས་པ་ཨང37པ་དེ་ཡིན། ད་ལྟའི་བར་ཀྲུང་ཧྭའི་རུས་རྐང་མཛོད་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་མཛོད་ཁང་ལ་མིང་ཐོ་བཀོད་པ་དང་ཁྲག་གི་མ་དཔེ་བསྡུ་རུབ་བྱས་པའི་ཟུངས་ཁྲག་ཞལ་འདེབས་གནང་མཁན་གྱི་དང་བླངས་པ་མི་གྲངས་ཁྲི2.2ཡོད་ལ། རང་ཞིང་གི་དང་བླངས་པ37གྱིས་སོ་སོའི་ཟུངས་ཁྲག་གིས་ཁྲག་ནད་ཅན་གྱི་ནད་པ་དག་ལ་ཟུངས་ཁྲག་གི་ཞལ་འདེབས་གནང་བ་ལེགས་འགྲུབ་བྱུང་ཞིང་། ནད་པ་འདི་དག་གི་ཚེ་སྲོག་བསྐྱབས་པ་རེད།

ཧྥང་ཀོས་ཞན་ནི་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་ཡིན་ལ། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་ཟུངས་ཁྲག་གི་ཕྲ་ཕུང་ཞལ་འདེབས་སུ་གནང་བའི་དང་བླངས་པ་ཡང་ཡིན། ཁོས་ད་ལྟ་ཀུང་ཟི་ཞིག་གི་ནང་དུ་དངོས་སྦྱོང་བྱེད་བཞིན་ཡོད། ད་ལོ་ཀྲུང་ཧྭའི་རུས་རྐང་མཛོད་ཁང་གི་ཚད་ལེན་དཔྱད་ཞིབ་བརྒྱུད་ཧྥང་ཀོས་ཞན་དང་ལོ་ན4ལ་སོན་པའི་ཁྲག་ནད་ཅན་གྱི་ནད་པ་ཞིག་གི་ཁྲག་དཔེའི་དམིགས་ཚད་དང་ཉེ་བ་རེད། ཟླ7པའི་ནང་ཚད་མཐོན་པོའི་ཁྲག་དཔེ་ཚད་ལེན་དཔྱད་ཞིབ་དང་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་བརྒྱུད་ཧྥང་ཀོས་ཞན་དང་ནད་པ་གཉིས་ཀྱི་ཁྲག་སྡེབ་ལེགས་འགྲུབ་བྱུང་བ་རེད། ཀྲུང་ཧྭའི་རུས་རྐང་མཛོད་ཀྱི་བརྡ་སྦྱོར་རེ་འདུན་ལྟར། ཟླ8པའི་ཟླ་མཇུག་ལ་དངོས་སུ་ཁྲག་ལེན་རྒྱུ་ཐག་གིས་བཅད། འོན་ཀྱང་ནད་པའི་ནད་རྟགས་ལ་འགྱུར་ལྡོག་ཆེ་པས་ཁྲག་བརྒྱབ་ནས་ཕྲ་ཕུང་བཟོ་རྒྱུར་དཀའ་ཁག་ཆེ་བ་སོགས་ཀྱི་དབང་གིས་ཁྲག་ལེན་ལས་བྱེད་མི་སྣ་དག་གིས་བྱ་བ་དེ་གནས་སྐབས་སུ་ཕྱིར་འགྱངས་མི་བྱེད་ག་མེད་བྱུང་། ཧྥང་ཀོས་ཞན་དང་ཞིང་ཆེན་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་ལས་བྱེད་མི་སྣ་དག་གིས་ཕན་ཚུན་བར་ལ་འབྲེལ་འདྲིས་ཟབ་མོ་བྱས་པ་བརྒྱུད་ཀྲུང་ཧྭའི་རུས་རྐང་མཛོད་ཀྱི་བརྡ་སྦྱོར་ལ་དུས་ངེས་མེད་དུ་དོ་ཁུར་ཆེན་པོ་བྱས། ཟླ9པའི་ནང་ཀྲུང་ཧྭའི་རུས་རྐང་མཛོད་ཀྱི་ཞལ་འདེབས་ཕུལ་བའི་བརྡ་སྦྱོར་ཐེངས་གཉིས་པ་འབྱོར་བ་དང་ཧྥང་ཀོས་ཞན་ལ་སེམས་འགུལ་ཆེན་པོ་ཐེབས། དང་བླངས་མཁན་གྱི་ཟུངས་ཁྲག་ལེན་པའི་སྐབས་ཀྱི་འབྲེལ་ཡོད་རིན་དངུལ་ཡོད་ཚད་ནི་ནད་པའི་ཕྱོགས་ཀྱི་ཁྱིམ་ཚང་གིས་འགན་ལེན་བྱེད་པ་ཤེས་རྟོག་བྱུང་བ་དང་ཆབས་ཅིག ཁོས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ལྷན་ཚོགས་ཀྱི་ལས་བྱེད་མི་སྣ་དག་ལ་བརྡ་བརྒྱབ་ནས་བཤད་རྒྱུར། “ནད་པའི་ཁྱིམ་ཚང་གི་ཁུར་བོ་ཧ་ཅང་ལྕི་བས། ངས་རང་ཁྱིམ་གྱི་ཡུལ་མི་དག་ལ་གྲོས་བྱས་རྗེས། ངའི་ཁྱིམ་མི་དག་གིས་ང་ལ་འགྲོ་རོགས་བྱེད་མི་དགོས་པར་ནད་པའི་ཁྱིམ་ཚང་གི་འགྲོ་སོང་ཆ་ཤས་ཉུང་ཙམ་ཞིག་ཇེ་ཉུང་དུ་བཏང་ཡོད། འདི་ནི་ངའི་ཕ་མ་གཉིས་ཀྱི་རེ་བ་ཡང་ཡིན”ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།