མཚོ་ནུབ་ཀྱིས་མཐོ་སྒང་མཛེས་ལྡན་ཞིང་གྲོང་བཙུགས་ཏེ་རོང་འབྲོག་འཚོ་བའི་རྒྱུ་སྤུས་ཇེ་མཐོར་བཏང་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ད་ལོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་རོང་འབྲོག་མི་དམངས་ཀྱི་སྡོད་ཁང་དང་སྤྱི་གཞུང་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་ཞིང་། ཐོན་ལས་ལ་སྐུལ་འདེད་སྒོས་མི་དམངས་ཕྱུག་པོར་བསྒྱུར་བ་གཙོ་གནད་དུ་བཟུང་ནས། མཐོ་སྒང་མཛེས་སྡུག་ལྡན་པའི་ཞིང་གྲོང་འཛུགས་སྐྲུན་གྱི་སྐུལ་འདེད་བྱ་བར་ཤུགས་བསྣན་ཏེ། རོང་འབྲོག་མང་ཚོགས་ཀྱི་སྐྱིད་སྣང་མུ་མཐུད་དུ་མཐོར་འདེགས་བྱས་ཏེ་ལོ་གཅིག་གི་ནང་དུ་མཐོ་སྒང་མཛེས་སྡུག་ལྡན་པའི་ཞིང་གྲོང5འཛུགས་སྐྲུན་ཡོངས་འགྲུབ་བྱས། ད་ལྟའི་ཆར་ཆེད་དོན་ཁ་གསབ་རོགས་དངུལ་སྒོར་ཁྲི1260ལག་བསྟར་དངོས་འབེབས་བྱས་ཡོད།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། མཚོ་ནུབ་ཁུལ་གྱིས་རོང་འབྲོག་སྡོད་ཁང་གི་ཆ་རྐྱེན་མཐོར་འདེགས་སུ་བཏང་སྟེ། 2019ལོའི་མཐོ་སྒང་མཛེས་སྡུག་ལྡན་པའི་ཞིང་གྲོང་འཛུགས་སྐྲུན་གྱི་འཆར་གཞི་དང་ཟུང་འབྲེལ་སྒོས་དུད་ཁྱིམ500ཡི་རོང་འབྲོག་སྡོད་ཁང་གི་ཆ་རྐྱེན་ལ་བཅོས་སྒྱུར་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས། སྔར་ལས་ལྷག་པའི་སྒོ་ནས་རོང་འབྲོག་པའི་སྡོད་ཁང་གི་བཅོས་སྒྱུར་བཟོ་སྐྲུན་དང་མཐོ་སྒང་མཛེས་སྡུག་ལྡན་པའི་ཞིང་གྲོང་འཛུགས་སྐྲུན་གྱི་མ་དངུལ་འཁོར་ཐག་ལ་སྔར་ལས་ཤུགས་བསྣན་ནས་མ་དངུལ་གྱི་ཕན་འབྲས་ལེགས་པོ་ཚད་ངེས་ཅན་གྱི་སྒོ་ནས་འདོན་སྤེལ་གང་ལེགས་བྱས། མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་གྲོང་འཛུགས་སྐྲུན་དེ་འགོ་ཚུགས་པ་ནས་བཟུང་། ཁུལ་ཡོངས་ཀྱིས་རིགས་མི་འདྲ་བའི་མ་དངུལ་སྒོར་དུང་ཕྱུར3.91བཏང་ནས། སྲིད་འཛིན་སྡེ་བ་མི་འདྲ་བ56ལ་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་གྲོང་འཛུགས་སྐྲུན་བྱས་ཤིང་དེ་རོང་འབྲོག་དུད་ཁྱིམ11237ལ་འབྲེལ་ཡོད། དེ་དང་ཆབས་ཅིག་འཛུགས་སྐྲུན་སྡེ་བའི་སྡེ་མི་དག་གི་ཐོན་སྐྱེད་འཚོ་བའི་དགོས་མཁོ་དེ་བསྐང་ཆེད། མཚོ་ནུབ་ཁུལ་གྱིས་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་མུ་མཐུད་དུ་འཐུས་ཚང་ཅན་ཏུ་བཏང་པ་རེད།

2019ལོའི་མཐོ་སྒང་མཛེས་སྡུག་ལྡན་པའི་ཞིང་གྲོང་འཛུགས་སྐྲུན་གྱི་ལག་བསྟར་འཆར་གཞི་དེའི་ཁྲོད་བྱ་འགུལ་ཐང་ཆེན་མི་འདྲ་བ6དང་སྡེ་བ་རིམ་པའི་བྱ་འགུལ་ལྟེ་གནས1 མཁར་གྱང་རྨིད8000ལྷག སྒོ་ཆེན96 རིག་རྩལ་སྒྲིག་གཞིའི་སྒྲིག་ཆས་རིམ་པ་མི་འདྲ་བ6 ཁོར་ཡུག་ཕྱོགས་བསྡུས་དག་ཐེར་ལས་གཞི2བཅས་ཡོད།

དེ་དང་ཆབས་ཅིག ཐོན་ལས་འཕེལ་རྒྱས་དང་ཕྱུག་འགྱུར་ལ་སྐུལ་སློང་བྱེད་པ་དེ་དམ་འཛིན་སྒོས་མང་ཚོགས་ལ་རོགས་རམ་སྒོས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་དེ་གཏན་འབེབས་བྱས། ད་ལོ་ཐེམ་ཆེན་རྫོང་གི་ནོར་ལུག་ཤའི་ལས་སྣོན་ཞིབ་ཚགས་ཅན་དེ་གཙོ་གནད་དུ་བཟུང་ཡོད། ན་གོར་མོ་གྲོང་ཁྱེར་དང་དུར་ལམ་རྫོང་གི་འཕང་འབྲས་འདེབས་འཛུགས་ལས་སྣོན་སོགས་ལ་སྣེ་ཁྲིད་དང་རོགས་སྐྱོར་ཚད་གཞི་ཆེས་ཆེར་བཏང་། ཐོན་ལས་གཙོ་བོའི་ཁྲིད་སྟོན་གསོ་སྐྱོང་དེ་གཞིར་བཟུང་ནས། རོང་བའི་སྣ་མང་རང་བཞིན་གྱི་ཁྱད་ལྡན་ཐོན་ལས་ལ་སྐུལ་འདེད་དང་རྒྱབ་སྐྱོར་སྒོས། ཚོང་རྫས་སྐྱེལ་འདྲེན་ལྟེ་གནས་དང་མཉམ་འབྲེལ་ཚོང་ཁང་འཛུགས་སྐྲུན་བྱས། ཞིང་ལས་ཐོན་རྫས་ཀྱི་སྡེབ་ཚོང་ལ་མཐུད་སྦྲེལ་བྱེད་པར་སྐུལ་འདེད་བཏང་། ཞིང་ལས་ཀྱི་སྒོ་རྩིས་ཁང་ལ་ཟུང་འབྲེལ་བྱེད་པ། ཐད་ཀར་དུ་སྐྱེལ་འདྲེན་བྱེད་པ་སོགས་ཞིང་ཕྱུགས་ལས་ཀྱི་ཐོན་རྫས་ཚོང་གཉེར་རྣམ་བཞག་ལྟར་དངུལ་རྩའི་འཕེལ་རྒྱས་ལ་སྐུལ་འདེད་དང་བརྡ་འཕྲིན། རིག་གནས་སོགས་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱིས་རོང་འབྲོག་མི་དམངས་ཀྱི་འཚོ་བའི་བྱེད་ནུས་ར་བ་གསར་སྐྲུན་བྱས་ཤིང་། མང་ཚོགས་ཀྱི་ཐོན་སྐྱེད་ཆ་རྐྱེན་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་སྒོས་མཐོ་སྒང་གི་དེང་རབས་སྐྱེ་ཁམས་གནག་ཕྱུགས་ལས་རིགས་ཀྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིངས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།