མཚོ་སྔོན་གྱིས་ཞིང་ཕྱུགས་ལས་ཀྱི་ཉེན་སྲུང་ཁྱབ་ཚད་ཇེ་ཆེར་བཏང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་བའི་ལོ་འདི་འགར། རང་ཞིང་གི་ཞིང་ཕྱུགས་ལས་ཀྱི་ཉེན་སྲུང་འགན་ལེན་ཁྱབ་ཚད་ཇེ་ཆེར་ཕྱིན་ཡོད་ཅིང་། ཞིང་ཆེན་དངུལ་ཁང་ཉེན་སྲུང་ལྟ་སྐུལ་ཅུའུ་ཡིས་བཏོན་པའི་གཞི་གྲངས་ལྟར་ན། ད་ལོར་ཞིང་ཆེན་ཡོངས་ནས་སྲིད་ཇུས་རང་བཞིན་གྱི་ཞིང་ལས་ཉེ་སྲུང་གིས་རོང་འབྲོག་མང་ཚོགས་ལ་ཁྱོན་བསྡོམས་སྒོར་དུང་ཕྱུར510.86གི་ཉེན་སྲུང་འགན་ལེན་འདོན་སྤྲོད་བྱས་ཤིང་། ན་ནིང་དང་བསྡུར་ན21.44%འཕར་ཡོད། སྲོལ་རྒྱུན་གྱི་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་ཀྱི་ཉེན་སྲུང་ཚད(གྲངས་ཀ།)ལོ་སྔོན་མ་དང་བསྡུར་ན་སོ་སོར4.46%དང73.03%གྱིས་འཕར་ཡོད་ཅིང་། ནགས་ཚལ་གྱི་ཉེན་སྲུང་ཚད14.67%འཕར་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་རྫོང17ནས་སྲིད་ཇུས་རང་བཞིན་གྱི་གནག་ཕྱུགས་ཀྱི་ཉེན་སྲུང་ཚོད་ལྟའི་སྒོ་ནས་སྤེལ་བའི་རྨང་གཞིའི་སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་དང་པད་མ་རྫོང་། གཅིག་སྒྲིལ་རྫོང་སོགས་དབུལ་ཕོངས་ས་ཁུལ་དང་རྫོང་། གྲོང་ཁྱེར་བཅས་ཚོད་ལྟའི་ས་ཚིགས་ཀྱི་ཁྱབ་ཁོངས་སུ་བཅུག་ནས། ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་རྐྱང་བ་ཡིན་པའི་རྫོང་ཁག་ཁྱོན་ཡོངས་ལ་ཁེབས་པར་མངོན་འགྱུར་བྱ་རྒྱུ་རེད། ད་ལོར་འབྲོག་ཁུལ་གྱི་ནོར་ལུག་ཁྲི1476.52ལ་ཉེན་སྲུང་འགན་ལེན་མ་དངུལ་དུང་ཕྱུར121.53འདོན་སྤྲོད་བྱས་ཤིང་། ན་ནིང་དང་བསྡུར་ན51.91%འཕར་ཡོད་པ་རེད།

དེ་དང་མཉམ་དུ་ས་གནས་ཀྱི་སྒྲིག་སྲོལ་ལྟར་ཞིང་ཕྱུགས་ལས་ཀྱི་ཉེན་སྲུང་སྣ་ཁ་ཇེ་མང་དུ་བཏང་སྟེ། འདེབས་འཛུགས་གསོ་སྤེལ་གཉེར་མཁན་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར་བ། རོང་འབྲོག་པའི་མཉམ་ལས་ཁང་སོགས་གྲོ་དང་འབྲུ་རིགས་སྣ་ཚོགས་ཐོན་སྐྱེད་བྱེད་མཁན་ཉེན་སྲུང་ཁྲོད་ཞུགས་ཡོད་ཚེ་ས་མུའུ་གང་རེར་སྒོར600ཡི་ཉེན་སྲུང་འདོན་སྤྲོད་བྱས་ཏེ། ཞིང་ཆེན་ཡོངས་ནས་སྲིད་ཇུས་རང་བཞིན་གྱི་ཞིང་ཕྱུགས་ལས་ཀྱི་ཉེན་སྲུང་འགན་ལེན་སྣ་ཁ་སྔར་ལས་ལྷག་པའི་ཇེ་མང་དུ་གཏང་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།