མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་ནས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དང“སུར་པན་དུས་ཆེན”བསུ་བའི་བྱ་འགུལ་གཟབ་རྒྱས་ངང་བསྡུས་པ།

སྤྲོ་སེམས་འཁོལ་པའི་ངང་ནས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་བསུ་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་༧༠འཁོར་བ།མཚོ་སྔོན་བཅིངས་འགྲོལ་བྱེད་ནས་ལོ་འཁོར་༧༠འཁོར་བར་དགའ་བས་བསུ་བྱེད་པ། ཕྱོགས་ཡོངས་ནས་ཡ་རྫིའི “ཞིང་གསུམ”འཕེལ་རྒྱས་དང་ཞིང་གྲོང་དར་རྒྱས་བྱུང་བ། དབུལ་ཐར་ཞྭ་མོ་ཕུད་པ་དང་དམངས་ཚིས་ལེགས་བསྒྱུར་གྱི་འཕོ་འགྱུར་ཆེན་མོ་ཕྱིར་མངོན་པ། ཏང་གི་རླབས་ཆེ་བའི་མགོ་ཁྲིད་ལ་བསྟོད་ནས་འབྱོར་འབྲིང་ལམ་བུ་གསར་འབྱེད་བྱེད་ཆེད། ༢༠༡༩ལོའི་ཟླ་༩པའི་ཚེས་༣༠ཉིན། མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་ཁྲ་ཧན་ཏུའུ་སི་ཡུལ་ཚོའི་ཧུང་ཀོང་སྡེ་བ་ནས་ཡ་རྫི་རྫོང་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དང“སུར་པན་དུས་ཆེན”བསུ་བའི་བྱ་འགུལ་གཟབ་རྒྱས་ངང་བསྡུས་འདུག

མཛད་སྒོའི་ཡུལ་དངོས།

ཐེངས་འདིའི་བྱ་འགུལ་ལ་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་གཞོན་པ་མྰ་ཆིང་ཏའེ་དང་མཚོ་ཤར་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ། ཀྲུང་གུང་ཡ་རྫི་རྫོང་ཨུའི་ཧྲུའུ་ཅི་ལི་ཧྥ་རོན། མཚོ་ཤར་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱི་མེ་དང་དེ་ལས་གཞན་ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པའི་འབྲེལ་ཡོད་འགོ་ཁྲིད་བཅས་ཞུགས་ཡོད་པ་རེད།

སུར་པན་དང་མ་རྨོས་ལོ་ཏོག་གིས་གྲུབ་པའི་བཀྲ་ཤིས་རི་མོ།

“ཞིང་པའི་ལོ་ལེགས་དུས་ཆེན”ནི་ཞིང་པ་མང་ཚོགས་ལ་ཆེད་དུ་དབང་བའི་དུས་ཆེན་ཞིག་ཡིན་པ་དང་། དུས་ཆེན་འདིའི་གོ་སྐབས་དང་བསྟུན་ནས་གཙོ་སྒྲུབ་ལས་ཁུངས་ཀྱིས་སུར་པན་བརྒྱུ་བའི་འགྲན་བསྡུར་དང་སུར་པན་དམར་པོ་བཏོག་པའི་མྱོང་རོལ་བྱ་འགུལ། འདེབས་འཛུགས་ཁྱིམ་ཚང་འགྲན་བསྡུར་སོགས“སུར་པན་དུས་ཆེན”དང་འབྲེལ་བའི་རྟེན་འབྲེལ་བྱ་འགུལ་རབས་དང་རིམ་པ་སྤེལ་བ་དང་། སྔར་བས་ལྷག་པའི་སྒོ་ནས་ཡ་རྫིའི“སྟར་ཀ་དང་སུར་པན། གཡེར་མ”སོགས་ཁྱད་ལྡན་ཐོན་ལས་སྐུལ་སྤེལ་ཁྱབ་སྒྲོག་བྱེད་ནས་དབུལ་སྐྱོར་“འཛད་སྤྱོད་སྦྲེལ་ཐག”མུར་བསྲིངས་བྱས་ལ། ཕྱོགས་ཡོངས་ནས་དུས་རབས་གསར་བའི་ཡ་རྫིའི་ཞིང་པའི་གྲུང་ཉམས་ཕྱིར་མངོན་ནས་རྫོང་ཡོངས་ཀྱི་ཞིང་པས་ལོ་ལེགས་ལ་དགའ་སྟོན་བྱེད་པ་དང་གྲུབ་འབྲས་འགྲེམ་སྟོན་བྱེད་པ། སྤྱི་ཚོགས་ལས་རིགས་ཀུན་གྱིས་ལོ་ལེགས་གླེང་གཞིར་བྱེད་པ་བཅས་བྱེད་ནས་དམངས་ཡོངས་ལོ་ལེགས་རོལ་མྱོང་གི་དུས་ཆེན་ཡོ་ལང་ཁྲོད་ཞུགས་སུ་བཅུག་པ་དང་། དེ་ཡིས་སྤྱི་ཚོགས་ཡོངས་ནས་ཞིང་པར་བརྩེ་སེམས་དང་ཞིང་ལས་ལ་སེམས་ཁུར། ཞིང་སྡེ་ལ་དོ་སྣང་བྱེད་དུ་བཅུག་ཡོད་པ་རེད།

དབུལ་ཐར་ཞྭ་མོ་ཕུད་པའི་གཟི་བརྗིད་ཁྱིམ་ཚང་ལ་བྱ་དགའ་གནང་པ།

བརྗོད་དོན་བཀྲ་ཤིས་རི་མོ།

དབུ་འབྱེད་མཛད་སྒོ་མཇུག་བསྒྲིལ་རྗེས་ཚོགས་ཞུགས་མི་སྣ་ཡོད་དོ་ཅོག་ལོ་ལེགས་འགྲེམ་སྟོན་ཁུལ་དུ་འདུས་ཤིང་ལོ་ལེགས་ཀྱི་བཀྲ་ཤིས་རི་མོར་བསྐོར་ནས་གླུ་གར་གྱི་མཆོད་པ་རྒྱ་ཆེར་བཤམས་ནས་མ་ཡུམ་མེས་རྒྱལ་གྱི་འཁྲུངས་སྐར་བདུན་ཅུ་བ་སྤྲོ་བས་བསུས་ཤིང་འབྲས་ལྡན་དུས་ཚིགས་སུ་ཏང་དང་མེས་རྒྱལ་ལ་དུངས་པའི་སྤྲོ་སེམས་མཚོན་པར་བྱས། ལོ་ལེགས་བཀྲ་ཤིས་རི་མོ་དེ་ནི་ཡ་རྫིའི་སུར་པན་དམར་པོ་དང་པགས་སྲབ་སྟར་ཀ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱིས་གྲུབ་པའི་རྒྱལ་དར་གྱི་རི་མོ་ཞིག་ཡིན་ལ་དེའི་སྲིད་ལ་སྨི༣༢་དང་ཞེང་ལ་སྨི༢༠ཡོད་པ་དང་། དབུས་སུ་དམར་མདངས་བཀྲ་བའི་སུར་པན་དམར་པོ་དང་གསེར་མདོག་གི་མ་རྨོས་ལོ་ཏོག་གིས་རྒྱལ་དར་ཆེན་མོ་ཞིག་བསྒྲིགས་ཡོད་ལ། དེའི་གཤམ་དུ་སུར་པན་གྱིས་མེས་རྒྱལ་གྱི་འཁྲུངས་སྐར་༧༠བསུ་བའི་ཨང་ཀི“70”བྲིས་ཡོད། རི་མོའི་མ་གདན་ནི་པགས་སྲབ་སྟར་ཀ་ཡིས་གྲུབ་པ་དང་དེ་ཡིས་ཡ་རྫིའི་ཟ་ལར་དང་བོད་རིགས། ཧོས་རིགས། རྒྱ་རིགས་སོགས་སྤུན་ཟླ་མི་རིགས་དག་གི་མི་རིགས་མཐུན་སྒྲིལ་སྟར་ཀ་བཞིན་དུ་དམ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་མཚོན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་རིན་ཆེན།