ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

— གནམ་བདེ་སྒོ་མོའི་ཐང་ཆེན་དུ་དམག་གཟིགས་མཛད་སྒོ་དང་མང་ཚོགས་ཀྱི་ཁྲོམ་སྐོར་གཟབ་རྒྱས་ཤིག་བྱས་པ། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་འབྲེལ་གཟིགས་འབུལ་དཔུང་སྡེར་གཟིགས་ཞིབ་གནང་བ།

ཟླ10པའི་ཚེས1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ10པའི་ཚེས1ཉིན་གློག་འཕྲིན་འབྱོར་གསལ། ཚེས1ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། དམག་གཟིགས་མཛད་སྒོ་དང་མང་ཚོགས་ཀྱི་ཁྲོམ་སྐོར་གཟབ་རྒྱས་ཤིག་བྱས་ཏེ། རླབས་ཆེན་མེས་རྒྱལ་གྱི་གཟབ་ཅིང་རྒྱས་པའི་དུས་ཆེན་འདིར་དགའ་སྤྲོའི་ངང་རྟེན་འབྲེལ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་འབྲེལ་གཟིགས་འབུལ་དཔུང་སྡེར་གཟིགས་ཞིབ་ཀྱང་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྟེན་འབྲེལ་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲའོ་ལེ་ཅི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཕེབས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོའི་སྔར་སོང་མིའི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་ཟིན་པ་དང་། ཀྲུང་གོའི་ད་ལྟ་མི་དམངས་དུང་ཕྱུར་དུ་མས་གཏོད་བཞིན་ཡོད་པས། ཀྲུང་གོའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ང་ཚོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་བཏང་སྟེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མུ་མཐུད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བསྟན་གནང་བ་རེད།

རྒྱལ་སྟོན་སྐབས་སུ་ཀྲུང་གོའི་ས་གཞི་ཡོངས་སུ་མི་རྣམས་དགའ་སྐྱིད་དཔལ་ལ་རོལ་བ་དང་རྒྱལ་ས་པེ་ཅིང་དུ་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ། གནམ་བདེ་སྒོ་མོའི་ཡངས་སྟེང་སྔར་བས་རྔམ་བརྗིད་ལྡན་པ་དང་ཡངས་སྟེང་གི་དབུས་སུ་ཚོན་ཁྲ་ཅན་གྱི་བློ་མཐུན་མའོ་ཙེ་ཏུང་གི་སྐུ་པར་ཧ་ཅང་ཆེན་པོ་ཞིག་བཀལ་ཡོད། གནམ་བདེ་སྒོ་མོའི་ཐང་ཆེན་དུ“དར་དཔྱངས་དམར་པོའི”བརྗོད་དོན་གཙོ་བོའི་མཛེས་ལྗོངས་རྔམ་བརྗིད་ལྡན་ལ་གསོན་ཉམས་དོད་པོ་ཞིག་ཡོད།

དགའ་སྤྲོ་འཁོལ་ལ་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་ཁྲོད། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གནམ་བདེ་སྒོ་མོའི་ཡངས་སྟེང་གི་ཀྲུའུ་ཞི་སྡིངས་ཆའི་ཐོག་ཏུ་ཕེབས།

ཆུ་ཚོད10པ་ཏག་ཏག་ལ་རྟེན་འབྲེལ་ཚོགས་ཆེན་འགོ་ཚུགས་པ་རེད།

རྟེན་འབྲེལ་མེ་སྒྱོགས་ཐེངས70འཕངས་པའི་སྒྲ་ནམ་མཁའི་དབྱིངས་སུ་གྲགས་པ་དང་རྒྱལ་དར་སྲུང་སྐྱོང་རུ་ཁག་གི་དཔོན་དམག་ཚོས་སྐར་ལྔའི་དར་དམར་སྲུང་བཞིན་གོམ་སྟབས་བརྟན་པོ་སྤོས་ཏེ་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ནས་ཐང་ཆེན་བྱང་ངོས་ཀྱི་རྒྱལ་དར་སྒྲེང་ཁུལ་དུ་བསྐྱོད།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཉམ་འབྲེལ་དམག་མིའི་རོལ་ཆ་རུ་ཁག་གིས་རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་གཏོང་བྱས་པ་དང་སྦྲགས། ཚང་མས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་གནམ་བདེ་སྒོ་མོའི་ཐང་ཆེན་ཐོག་སྒྲེང་བཞིན་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ།

དེ་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། (གསུང་བཤད་ཆ་ཚང་ཟུར་དུ་འགོད་རྒྱུ)

དམག་གཟིགས་མཛད་སྒོ་འགོ་ཚུགས་པ་དང་། ཞི་ཅིན་ཕིང་གིས་དར་དམར་རྟགས་ཅན་གྱི་གཟིགས་ཞིབ་རླངས་འཁོར་ལ་བཞུགས་ནས་ཅིན་ཧྲུའེ་ཟམ་པ་བརྒྱུད་ཁྲང་ཨན་ཁྲོམ་གཞུང་དུ་ཕེབས་ཏེ། རྐང་ཐང་རུ་སྟར་གྲུ་བཞི15དང་གོ་མཚོན་སྒྲིག་ཆས་རུ་སྟར་གྲུ་བཞི32ལ་རིམ་པ་བཞིན་གཟིགས་ཞིབ་གནང་བ་རེད།

བར་སྣང་གི་རྒྱལ་དར་སྲུང་སྐྱོང་སྐས་དབྱིབས་རུ་ཁག་གིས་དམག་གཟིགས་ཀྱི་དམག་རིགས་རྣམ་འབྱེད་རུ་སྟར་གྱི་འགོ་བཙུགས་ཤིང་། ཐད་འཕུར་གནམ་གྲུ་གསུམ་སོ་སོར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དར་བཅས་བཀལ་ནས་ཐད་འཕུར་གནམ་གྲུ་གཞན་དག་དང་དཔུང་རུ་གྲུབ་སྟེ་གནམ་བདེ་སྒོ་མོའི་མཁའ་དབྱིངས་སུ་འཕུར། གཟབ་སྦྲེང་རུ་སྟར་གྲུ་བཞིས་ཏང་དར་དང་། རྒྱལ་དར། དམག་དར་བཅས་མཐོན་པོར་བཏེགས་ཏེ་ཁྲང་ཨན་ཁྲོམ་གཞུང་ཤར་མ་བརྒྱུད་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད། རྐང་ཐང་རུ་སྟར་གྲུ་བཞི་གཞན་དག་ཀྱང་གོ་རིམ་བཞིན་གནམ་བདེ་སྒོ་མོ་བརྒྱུད་དེ་མེས་རྒྱལ་དང་མི་དམངས་ཀྱི་གཟིགས་ཞིབ་དང་ལེན་བྱས། གོ་མཚོན་སྒྲིག་ཆས་རུ་སྟར་གྲུ་བཞིར་སྐམ་སའི་དམག་འཐབ་དང་། མཚོ་ཐོག་དམག་འཐབ། མཁའ་ཟོན་དང་མེ་ཤུགས་འཕུར་མདའ་འགོག་རྒོལ། ཆ་འཕྲིན་དམག་འཐབ། མི་མེད་དམག་འཐབ། རྒྱབ་ཕྱོགས་སྒྲིག་ཆས་འགན་ལེན། འཐབ་ཇུས་རྡུང་རྡེག་བཅས་ཁག7ལ་ཕྱེ་ཞིང་། མཉམ་འབྲེལ་དམག་འཐབ་ཀྱི་རུ་སྟར་གཞིར་བཟུང་ཟིལ་རྔམ་ཆེན་པོས་འོངས་ནས་གཟིགས་ཞིབ་དང་ལེན་བྱས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།

བར་སྣང་སྐས་དབྱིབས་རུ་ཁག11ཐག་རིང་ནས་འུར་སྒྲ་དང་བཅས་འཕུར་ཡོང་བ་དང་གོ་རིམ་བཞིན་བར་སྣང་ནས་དམའ་པོས་འཕུར། རྩལ་སློབ་གནམ་གྲུའི་སྐས་དབྱིབས་རུ་ཁག་གིས་དུ་ཚོན་གྱི་དར་ཚོན7བྲིས་ཏེ་སྤྱི་མཐུན་རྒྱལ་ཁབ་ལ་འཁྲུངས་སྐར་གྱི་རྟེན་འབྲེལ་ཞུས།

“སེམས་མཐུན་ངང་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་མང་ཚོགས་ཁྲོམ་སྐོར“རྒྱལ་འཛུགས་ལས་གཏོད”དང་། “སྒྱུར་བཅོས་སྒོ་དབྱེ” “རླབས་ཆེན་བསྐྱར་དར”བཅས་ཁག་གསུམ་ཏུ་ཕྱེ་བ་དང་། མང་ཚོགས་ཁྲི10དང་། གཟབ་ཊོ70ལས་གྲུབ་པའི་རུ་སྟར་གྲུ་བཞི36དང་ཡུལ་ཁམས་རྣམ་པའི་རུ་སྟར3ལས་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཡར་ལངས་ཕྱུག་འགྱུར་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྙིང་ཐག་པ་ནས་བསྔགས་བརྗོད་དང་ཟོལ་མེད་ཀྱི་དགའ་ཞེན་བྱེད་ལུགས་མཚོན་པ་རེད།

མང་ཚོགས་ཁྲོམ་སྐོར་གྱི་རུ་སྟར་གྲུ་བཞི་མཇུག་ཤོས“མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག”ཅེས་པ་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་ཕྱོགས་སུ་བསྐྱོད། དགའ་སྐྱིད་ཀྱི་གླུ་གཞས་དང་། ཡིད་དབང་འཕྲོག་པའི་གར་སྟབས། དགའ་སྤྲོའི་འཛུམ་མདངས་བཅས་ལས་མ་ཡུམ་མེས་རྒྱལ་ལ་སྤྲོ་སེམས་ཆེ་ཤོས་ཀྱི་བསྟོད་གླུ་ཕུལ་ལ་སྨོན་འདུན་བཟང་ཤོས་ཀྱང་ཞུས།

ཞི་བདེའི་ཕུག་རོན་ཁྲི7གྱིས་གཤོག་ཟུང་བརྡབས་ནས་མཐོན་པོར་འཕུར་བ་དང་ལྒང་བུ་ཁྲི7བར་སྣང་དུ་འཕགས་པ་དང་བསྟུན། 《མེས་རྒྱལ་ལ་གླུ་དབྱངས་ལེན》ཞེས་པའི་འགྱུར་ཁུག་དང་གླུ་སྒྲ་ཐང་ཆེན་དུ་བྲག་ཅ་འཁོར་བ་དང་། ཁྲོམ་སྐོར་མང་ཚོགས་ཀྱིས་གནམ་བདེ་སྒོ་མོའི་ཡངས་སྟེང་ལ་ཕྱོགས་ནས་དགའ་འབོད་གུས་འདུད་ཞུས་པ་དང་ཞི་ཅིན་ཕིང་སོགས་ཀྱིས་ལས་རིགས་ཁག་གི་མང་ཚོགས་ལ་ཕྱག་གཡུགས་ནས་གུས་ལན་མཚོན་པར་གནང་། ཡངས་སྟེང་གི་སྟེང་ཤོད་དུ་བརྩེ་དུང་ལྷད་མེད་ཀྱི་སེམས་མཐུན་ཟམ་པ་སྦྲེལ་བ་དང་ཐང་ཆེན་ཕྱི་ནང་གླུ་དབྱངས་དང་སྤྲོ་སྣང་གི་རྒྱ་མཚོར་གྱུར་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་འཁོར70ཡི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་གོ་དང་འཛམ་གླིང་གི་འབྱུང་འགྱུར་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་བར་མཉམ་དུ་སྨོན་འདུན་ཡང་ཞུས་པ་རེད།

རྟེན་འབྲེལ་ཚོགས་ཆེན་ཆུ་ཚོད12དང་སྐར་མ40ལ་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་བ་རེད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ10པའི་ཚེས1ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། གླུ་གར་ལྟར་གྱི་ལོ་ཟླ་ལས་ཀྲུང་ཧྭ་བུ་ཕྲུག་གི་སྤོབས་སེམས་ཆེན་པོ་མཚོན། བརྗེད་པར་དཀའ་བའི་མཚན་མོར་རླབས་ཆེན་གྱི་མཛེས་སྡུག་མདུན་ལམ་ལ་བཀྲ་ཤིས་སྨོན་འདུན་ཞུས། ཟླ10པའི་ཚེས1ཉིན་གྱི་དགོང་མོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་མཉམ་སྤྲོའི་བྱེད་སྒོ་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་གཉེར་ཞིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་། ཝང་ཆི་ཧྲན་བཅས་གནམ་བདེ་སྒོ་མོའི་ཡངས་སྟེང་དུ་ཕེབས་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་དང་ལྷན་དུ་རྒྱལ་སྟོན་གྱི་མཚན་མོ་དགའ་གཏོང་གནང་བ་རེད།

སྟོན་དུས་ཀྱི་པེ་ཅིང་དུ་ལྒང་བཞུ་དམར་པོས་བརྒྱན་པ་དང་མི་ཚོགས་ཀྱིས་ཁེངས་ནས་གང་སར་དུས་ཆེན་གྱི་རྣམ་པས་ཁེངས། གནམ་བདེ་སྒོ་མོའི་ཐང་ཆེན་ནས་གསེར་ཆུའི་ཟམ་ཆེན་གྱི་ལྷོ་སྣེའི་བར“དར་དཔྱངས་དམར་པོའི”བརྗོད་དོན་གཙོ་བོའི་མཛེས་ལྗོངས་ཆེ་གྲས་དང་། འོད་ཆེམ་ཆེམ་དུ་འཕྲོ་བའི“ཤོག་སྦག་གི་སྒྲ་བཟོའི་ལྗོན་ཤིང”LEDབརྙན་ཤེལ་ཆེ་མོ། ལག་ཏུ་འོད་ལྡན་བརྙན་ཤེལ་འཁྱེར་བའི་མཉམ་སྤྲོའི་མང་ཚོགས3000ལྷག་ཙམ། མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་བཅས་ཀྱིས་མཉམ་སྤྲོའི་བྱེད་སྒོའི་ལྟེ་བའི་ཁུལ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་བྱས། མང་ཚོགས་མཉམ་སྤྲོའི་ཁུལ་བཅུ་ཁྲང་ཨན་ཁྲོམ་གཞུང་གི་ལམ་རྒྱུད་དུ་ཡོད་པ་དང་། མང་ཚོགས་མང་པོས་གླུ་ལེན་གར་འཁྲབ་བྱས་ཏེ། སྤྱི་མཐུན་རྒྱལ་ཁབ་ལ་བསྔགས་བརྗོད་དང་དུས་རབས་གསར་པར་བསྟོད་གླུ་ལེན་བཞིན་ཡོད།

ཟླ10པའི་ཚེས1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གཟིགས་འབུལ་དཔུང་སྡེར་གཟིགས་ཞིབ་གནང་བཞིན་པ།

རྒྱལ་སྟོན་རྟེན་འབྲེལ་ཚོགས་ཆེན་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་གནམ་བདེ་སྒོ་མོའི་ཡངས་སྟེང་དུ་ཡོད་པ།

ཟླ10པའི་ཚེས1ཉིན་གྱི་དགོང་མོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་མཉམ་སྤྲོའི་བྱེད་སྒོ་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ་བ།