མཚོ་སྔོན་གྱི་ཁྱད་ལྡན་ཚོང་རྫས་ཐེངས་དང་པོར་ཡོ་རོབ་ཀྱི་ཁྲོམ་རར་བསྐྱོད་པ།

ཡུལ་དེའི་ཟླ9ཚེས24ཉིན་གྱི་ཉིན་གུང་། ལྟ་ན་སྡུག་པའི་མའོ་སི་ཁོ་གཙང་འགྲམ་དུ། དུས་ཡུན་ཉིན་བཞི་ཡིན་པའི2019ལོའི་ཨུ་རུ་སིའི་རྒྱལ་སྤྱིའི་བཟའ་ཆས་འགྲེམ་ཚོགས་གཟབ་རྒྱས་ངང་འགོ་བརྩམས་ལ། རང་རེའི་ཞིང་ཆེན་གྱི་ཁེ་ལས37གྱིས་གྲུབ་པའི“རབ་མཛེས་མཚོ་སྔོན”ཁ་དོག་སྔོན་པོའི་འགྲེམ་སྟོན་ཚོགས་ཆུང་ལ་རྒྱལ་ཁབ་ཕྱི་ནང་གི་གཟིགས་མོ་བའི་དོ་སྣང་ཆེན་པོ་ཐོབ། གནས་མཆོག་མཐོ་སྒང་ནས་འབྱོར་བའི་དབྱར་རྩྭ་དགུན་འབུ་དང་། སྦྲང་རྩི། འཕང་འབྲས། ནས་ཆང་། ཞོ་ལ་སོགས་ལྷད་མེད་དག་གཙང་གི་ཁྱད་ལྡན་ཐོན་རྫས་མང་པོ་ཞིག་གིས“རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཚོང་རྟགས”ཀྱི་མཚར་སྡུག་ཅི་དགར་ངོམས་པ་རེད།

ཐེངས་འདིའི་འགྲེམ་ཚོགས་ནི་རང་རེའི་ཞིང་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”གི་གཤོག་ཟུང་ལ་བརྟེན་ཨུ་རུ་སིར་བསྐྱོད་པ་ཡིན་ལ། ཉིན་དེར“ཆུ་གསུམ་འགོ་ཁུངས”“ཐིན་ཡོའུ་ཏེ”སོགས་ཚོང་རྫས་གྲགས་ཅན་མང་པོ་ཞིག་འགྲེམ་ཚོགས་སུ་བཤམས་པ་མ་ཟད། རྒྱལ་ཕྱིའི་བཟའ་ཆས་ལས་རིགས་ཀྱི་མི་དྲག་རྣམས་དང་བརྗེ་སྤེལ་མཉམ་ལས་ཀྱི་གོ་སྐབས་བྱུང་བ་རེད། མཚོ་སྔོན་འགྲེམ་ཁུལ་དུ་མི་ཚོགས་ཀྱི་འདུ་འགོད་འཁྲུག་ཆ་དོད་ལ། ལས་རིགས་ཁག་གི་མི་སྣས་དུས་རྒྱུན་མཐོང་དཀོན་པོའི་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ལ་དགའ་བསུ་ཆེན་པོ་བྱེད། ལྷག་པར་ཨུ་རུ་སིའི་ས་གནས་ཀྱི་ཚོང་པ་དང་དབྱི་ཐ་ལི་དང་། དབྱི་ལང་སོགས་རྒྱལ་ཁབ་ནས་ཡོང་བའི་ཚོང་པ་རྣམས་ཚོང་རྫས་འདི་དག་ལ་སྤྲོ་བ་ཆེན་པོ་བྱུང་ནས་འབྲེལ་ཡོད་ཀྱི་དྲིལ་སྒྲོག་ཞིབ་རྒྱས་གཟིགས་རྗེས་མཉམ་ལས་བྱེད་འདོད་ཀྱི་མོས་པ་བརྗོད།

འགྲེམ་ཚོགས་ཀྱི་བཀོད་སྒྲིག་ལྟར་ཡུལ་དེའི་ཚེས25ཉིན“ཀྲུང་གོའི་མཚོ་སྔོན་གྱི་ཚོང་རྫས་གྲགས་ཅན་དང་སྤུས་ལེགས་ཁེ་ལས་ཀྱི་བརྗེ་སྤེལ་ཚོགས་འདུ”བསྡུས་ཤིང་། རང་རེའི་ཞིང་ཆེན་གྱི་ཧོར་གྲོང་ནས་ཆང་མ་རྐང་ཚད་ཡོད་ཀུང་སི་སོགས་རྒྱལ་ཕྱིའི་ཁྲོམ་རར་ཐོན་རྫས་མང་པོ་མཁོ་འདོན་བྱེད་པའི་ཉམས་མྱོང་ཅན་གྱི་ཁེ་ལས་འཐུས་མི་རྣམས་ཚོགས་ཐོག་ཏུ་ཞུགས་ཏེ་སོ་སོའི་ཐོན་རྫས་སྤུས་ལེགས་འོས་སྦྱོར་བྱས། མའོ་སི་ཁོ་བཟོ་ཚོང་ཚོགས་པ(MCCI)དང་། མའོ་སི་ཁོ་ཉོ་ཚོང་སྐུལ་སྤེལ་ཚོགས་པའི་འགན་འཁུར་བ། ཁེ་ལས་ཀྱི་འཐུས་མི་སོགས་རྒྱལ་ཕྱིའི་མི་སྣ20ལྷག་ཚོགས་ཐོག་ཏུ་ཞུགས་ནས་མཚོ་སྔོན་གྱི་ཁེ་ལས་འཐུས་མི་རྣམས་དང་ལྷན་དུ་མཉམ་གྲོས་བརྗེ་རེས་ཀྱི་ལམ་ནས་ཕན་ཚུན་བར་རྒྱུས་ལོན་ཟབ་མོ་བྱས།

འགྲེམ་ཚོགས་སྐབས་ད་དུང“ཨུ་རུ་སིའི་ཆེད་ལས་ཚོང་མགྲོན་གྲོས་མོལ་ཉིན”ཞེས་པའི་བྱེད་སྒོ་སྤེལ་ཏེ། མཚོ་སྔོན་གྱི་ཚོང་རྫས་གྲགས་ཅན་རྣམས་ཕྱོགས་བསྡུས་ཐོག་འོས་སྦྱོར་བྱས་ཤིང་། ཨུ་རུ་སིའི་ཆེད་ལས་ཚོང་མགྲོན་རྣམས་མཚོ་སྔོན་འགྲེམ་ཁུལ་དུ་གདན་ཞུས་ནས་རྒྱལ་སྤྱིའི་མ་དངུལ་གཏོང་འཇོག་དང་མཉམ་ལས་ཐད་གྲོས་མོལ་མཛད་དེ་མ་དངུལ་གཏོང་འཇོག་གི་མཉམ་ལས་གྲོས་ཆིངས་བཞག

ཐེངས་འདིའི་འགྲེམ་ཚོགས་ནི2018ལོའི་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱི་དངོས་མང་བཤམས་སྟོན་ཚོགས་འདུར་ཞུགས་རྗེས་སུ། “རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཚོང་རྟགས”ཞེས་པ་རྒྱལ་སྤྱིའི་ཁྲོམ་རར་བསྐྱོད་ཐེངས་གཉིས་པ་རེད། ཨུ་རུ་སིའི་འགྲེམ་ཚོགས་འདིའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི63000ཡོད་ལ་དབྱི་ཐ་ལི་དང་། ཨེ་ཅིབ། དབྱི་ལང་སོགས་རྒྱལ་ཁབ་དང་ས་ཁུལ90ཡི་ཀུང་སི1800ཞུགས་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།