ཀྲུང་དབྱང་གི་གཏན་འབེབས་ཆེ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེར་མཚོན་གནད་དོན4ཐེར་འདོན་བྱས་པའི་བཀོད་ཁྱབ།

རྒྱལ་སྟོན་བསླེབ་ལ་ཉེ་བའི་སྐབས་འདིར་སྒྲིག་ཁྲིམས་ནན་སྲུང་བྱེད་པ། ལས་སྒོའི་མཇུག་ཏུ་ཇི་ལྟར་ཐོན་ན་དེ་ལྟར་སྒྲིག་ཁྲིམས་བཙན་དགོས་པའི་རྣམ་པ་གདོན་རྒྱུ་མི་ལྷོད་པའི་ཆེད། ད་ཆར་རྩད་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལ་སྒྲིག་འགལ་ཁྲིམས་འགལ་བྱུང་བའི་དཔེར་མཚོན་གནད་དོན་སྐོར་གྱི་བརྡ་ཡིག་བསྒྲགས་པ་གཤམ་གསལ་ལྟར།

མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སྔོན་མ་བཀྲ་ཤིས་ཀྱིས་ཞབས་ཞུའི་སྒྲུབ་ཡུལ་གྱི་ལེགས་སྐྱེས་རྩ་ཆེན་དང་ཉོ་འཚོང་བྱང་བུ་སོགས་བླངས་པའི་གནད་དོན། 2018ལོ་ནས2019ལོའི་བར། བཀྲ་ཤིས་ཀྱིས་རང་གི་གོ་གནས་བེད་སྤྱད་དེ་ཐེངས་མང་པོར་བདག་དོམ་དང་ཞབས་ཞུའི་ཐད་ཀྱི་ཉོ་འཚོང་བྱང་བུ་དང་རླངས་སྣུམ་བྱང་བུ། དུ་ཆང་རྩ་ཆེན་སོགས་དངོས་རྫས་མང་པོ་བླངས། བཀྲ་ཤིས་ལ་ད་རུང་རྩ་འཛུགས་ཀྱི་སྒྲིག་སྲོལ་ལ་འགལ་བ་དང་བྱ་བའི་སྒྲིག་སྲོལ། ལས་གནས་ནག་ཉེས་བཅོས་པའི་དོགས་གཞི་བཅས་ཀྱི་གནད་དོན་ཡོད་པ་རེད། 2019ལོའི་ཟླ7པར། བཀྲ་ཤིས་ཏང་ནང་ནས་ཕྱིར་འཕུད་བྱས་ཤིང་གཞུང་གི་ལས་ཀ་ལས་ཕུད་པའི་ཆད་པ། དེའི་མི་ཚད་སྒྲིག་འགལ་གྱིས་བླངས་པའི་དངོས་པོ་སོགས་རྩིས་སྤྲོད་བྱེད་རྒྱུའི་བཀའ་ཕབ། ནག་ཉེས་གནད་དོན་ལ་དོགས་གཞི་ཡོད་པའི་རྐྱེན་གྱིས་ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲོད་བྱས་ཏེ་ཁྲིམས་ལྟར་འདྲི་གཅོད་ཞུ་གཏུག་བྱེད་དུ་འཇུག་བཞིན་ཡོད།

རྨ་ལྷོ་ཁུལ་རྩེ་ཁོག་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡི་ཅུའུ་ཀྲང་སྔོན་མ་སའོ་ཡོན་ཁྲིན་སོགས་ཀྱིས་སྒྲིག་འགལ་སྒོས་གཞུང་དངུལ་སྤྱད་དེ་ཁ་པར་ཉོས་པ་དང་། ཁྲིམས་འགལ་སྒྲིག་འགལ་ངང་བདག་དོམ་ཞབས་ཞུའི་གསོལ་སྟོན་དང་ལེན་དང་སྤྲོ་སྐྱིད་བྱ་འགུལ་སོགས་ལ་ཞུགས་པའི་གནད་དོན། 2014ལོ་ནས2017ལོའི་བར་རྫོང་དེའི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་སྒྲིག་འགལ་ཁྲིམས་འགལ་ངང་ལྟ་རྟོག་བདག་སྐྱོང་རིན་དངུལ་དང་ཇུས་འགོད་རིན་དངུལ། ཟུར་གཏོགས་གྲོན་དངུལ་སོགས་སྒེར་གཉེར་དངུལ་མཛོད་བཙུགས་སྟེ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི761.85བསྡུ་རུབ་བྱས། དེའི་ཁྲོད་ཅུའུ་ཀྲང་སའོ་ཡོན་ཁྲིན་དང་ཅུའུ་ཀྲང་གཞོན་པ་མ་ཝུན་ཡན། རྩིས་གཉེར་བ་ཚེ་རིང་འཚོ་བཅས་ཀྱིས་སྔ་གཞུག་ཏུ་སྒོར་ཁྲི4.96གིས་ཁ་པར་ཉོས་ཤིང་། སའོ་ཡོན་ཁྲིན་སྒྲིག་འགལ་ངང་མི་སྒེར་གྱི་འགྲོ་སོང་བཏང་བའི་སྒེར་འཁོར་རིན་དངུལ་ཁྲི6.61རྩིས་ཞུ་བྱས་པ་མ་ཟད། ཐེངས་མང་པོར་སྒྲིག་འགལ་ངང་བདག་དོམ་ཕྱོགས་ཀྱིས་གནང་བའི་ཁ་པར་བསྡུ་ལེན་དང་བཀོད་སྒྲིག་བྱས་པའི་གསོལ་སྟོན་དང་སྤྲོ་སྐྱིད་བྱ་འགུལ་ལ་ཞུགས་པ་རེད། སའོ་ཡོན་ཁྲིན་སོགས་ལ་ད་རུང་གཞན་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཞན་པ་ཡང་ཡོད་པ་རེད། 2019ལོའི་ཟླ7པར་སའོ་ཡོན་ཁྲིན་དང་ཚེ་རིང་འཚོ་གཉིས་ཏང་ནང་ནས་ཕྱིར་འཕུད་བྱས་ཤིང་། གཞུང་གི་གོ་གནས་བླངས། མ་ཝུན་ཡན་ཏང་ནང་ནས་ཕྱིར་ཕུད་པ་མ་ཟད་སྒྲིག་འགལ་ངང་བླངས་པའི་དངོས་པོ་ཡོད་ཚད་ཕྱིར་སྤྲོད་བྱེད་དུ་བཅུག མི3གྱི་ནག་ཉེས་བསགས་པའི་གནད་དོན་དེ་ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲོད་བྱས་ཏེ་ཁྲིམས་ལྟར་འདྲི་གཅོད་ཞུ་གཏུག་བྱེད་བཞིན་ཡོད་པ་རེད།

མཚོ་ཤར་གྲོང་ཁྱེར་དམར་གཙང་རྫོང་གི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡི་འཛུགས་སྐྲུན་བཟོ་སྐྲུན་རྒྱུ་སྤུས་ཚད་ལེན་ལྟ་རྟོག་ས་ཚིགས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ངང་ཕན་བདེ་དངུལ་བྱིན་པ་དང་སྒྲིག་འགལ་སྒོས་ཁོངས་གཏོགས་ལས་ཁུངས་ཀྱི་འགྲོ་སོང་རྩིས་ཞུ་བྱས་པ་སོགས་ཀྱི་གནད་དོན། 2013ལོ་ནས2017ལོའི་བར་ཅུའུ་དེའི་རྒྱུ་སྤུས་ཚད་ལེན་ལྟ་རྟོག་ས་ཚིགས་ཀྱིས་གོང་རིམ་བདག་དོམ་སྡེ་ཁག་གིས་ཕྱིར་སློག་བྱས་པའི་ཚད་ལེན་ཞིབ་བཤེར་ལས་དོན་བྱ་བའི་ཁ་གསབ་གྲོན་དངུལ་དང་མངའ་ཁོངས་ཀུང་ཟིའི་ཡོང་འབབ་སོགས་ཀྱི་དངུལ་མཛོད་ཆུང་ཆུང་བཅས་ལ་ཁྱོན་བསྡོམས་དངུལ་སྒོར་ཁྲི99.85ཡོད་པ་རེད། དེའི་ཁྲོད་སྒྲིག་འགལ་སྒོས་ལས་ཁུངས་ཀྱི་ལས་བཟོ་པར་གནང་བའི་ཕན་བདེའི་དངུལ་སྒོར་ཁྲི42.45ཡོད། དེ་དང་ཆབས་ཅིག་སྒྲིག་འགལ་སྒོས་ས་ཚིགས་དེའི་ཐོན་སྐྱེད་བྱས་པའི་གཞུང་སྒྲུབ་རིན་དངུལ་དང་འགྲོ་སྐྱོད་རིན་དངུལ། རླངས་འཁོར་གྱི་འཁོར་སྐྱོད་རིན་དངུལ་སོགས་ལ་སྒོར་ཁྲི46.14བཅས་མངའ་ཁོངས་ཀུང་ཟི་རུ་རྩིས་ཞུ་བྱས། 2019ལོའི་ཟླ4པའི་ནང་ས་ཚིགས་དེས་སྐབས་དེའི་འགོ་བ་ཀྲོའུ་ཅན་མེན་ལ་ལོ་གཉིས་ལ་ལྟ་རྟོག་བྱེད་པ་སྲིད་དོན་གོ་གནས་རིམ་པ་གསུམ་གྱི་མན་དུ་ཕབས་པ། སྐབས་དེའི་འགོ་བ་གཞོན་པ་ལིས་ཁྲིན་མེན་ལ་ཏང་བཞག་ལྟ་རྟོག་ལོ་གཅིག་དང་སྲིད་དོན་གོ་གནས་རིམ་པ་གཉིས་ཀྱི་མན་ལ་ཕབས་པའི་ཆད་པ་བཅད། དེ་མིན་གཞུང་ལེན་བྱས་པའི་རྒྱུ་ནོར་ཡོད་ཚད་ཕྱིར་རྩིས་སྤྲོད་བྱེད་དུ་བཅུག

ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་ཧན་ཏུང་ཤང་ཏང་ཨུའི་ཧྲུའུ་ཅི་པ་ཧོང་ཡོན་གྱིས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཟ་འཐུང་དང་སྒེར་འཁོར་གཞུང་དངུལ་གྱིས་བསྐོར་བ་སོགས་ཀྱི་གནད་དོན། 2016ལོ་ནས2018ལོར་པ་ཧོང་ཡོན་གྱིས་སྒྲིག་འགལ་ངང་ལས་ཁུངས་ཀྱི་ལས་བྱེད་པ་དག་ག་ཁ་གསབ་རིན་དངུལ་སྒོར་ཁྲི2.04གནང་བ་དང་། པ་ཧོང་ཡོན་གྱིས་གུང་གསེང་ངལ་གསོའི་སྐབས་སུ་ཀན་སུའུ་དང་ཧྲའན་ཞི། སི་ཁྲོན། ཧི་ནན་བཅས་ཞིང་ཆེན་བཞི་དང་། དེ་མིན་ཡ་རྫི་སོགས་ས་ཁུལ་དུ་སྒྲིག་འགལ་ངང་ལས་ཁུངས་ཀྱི་གཞུང་དོན་རླངས་སྣུམ་བྱང་བུ་སྤྱད་དེ་སྒེར་འཁོར་ནང་དུ་སྣུམ་བླུགས་པ་དང་ཁྱོན་བསྡོམས་སྒོར་ཁྲི0.66ལ་བུད་ཡོད། ཐེངས་མང་པོར་སྒྲིག་འགལ་ངང་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་གཞུང་དངུལ་སྤྱད་དེ་ཟས་སྟོན་དང་སྤྲོ་སྐྱིད་འཛད་སྤྱོད་བྱས་ཤིང་། ཁྱོན་བསྡོམས་སྒོར་ཁྲི3.58ལ་བུད་ཡོད། 2019ལོའི་ཟླ9པའི་ནང་པ་ཧོང་ཡོན་ལ་ཏང་ནང་ཁུལ་གྱི་ཉེན་བརྡ་ཚབས་ཆེན་བརྒྱབ་པ་དང་སྲིད་དོན་གོ་གནས་མར་ཕབས་པའི་ཆད་པ་བཅད། ཤང་ཀྲང་གཞོན་པ་ལོའུ་ཧྲི་ལན་ལ་ཡང་སྲིད་དོན་ཆད་པ་བཅད་དེ་གཞུང་དངུལ་མཐའ་དག་ཕྱིར་རྩིས་སྤྲོད་བྱེད་དུ་བཅུག་པ་རེད།

གོང་གསལ་དཔེར་མཚོན་གནད་དོན4ཡི་ཁྲོད་ལ་ལས་ལེགས་སྐྱེས་བླངས། ལ་ལས་བདག་དོམ་དང་ཞབས་ཞུ་མཁན་གྱི་གསོལ་སྟོན་དང་ལེན་བྱས། ཡང་ལ་ལས་འགབ་དངུལ་གཉེར་ནས་ཁ་གསབ་རོགས་དངུལ་གང་འདོད་དུ་བྱིན། ལ་ལས་མངའ་ཁོངས་ལས་ཁུངས་ཀྱི་འགྲོ་སོང་མཐའ་དག་སྒྲིག་འགལ་ངང་རྩིས་ཞུ་བྱས། ལ་ལས་སྒེར་འཁོར་གཞུང་དངུལ་ལ་བརྟེན་ནས་བསྐོར་བ་དང་། སྒྲིག་འགལ་ངང་གཞུང་དངུལ་ལ་བརྟེན་ནས་ཟ་འཐུང་བྱས་པ། ཐ་ན་གནད་དོན་ལ་ལ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ་བྱུང་བ་དང་། འདིས་ཁྱོན་ཡོངས་ནས་ཏང་གི་སྒྲིག་ཁྲིམས་ནན་མོའི་འོག་གི་རྒྱབ་ལྗོངས་ཆེན་མོ་རུ་ས་ཁུལ་ལ་ལ་དང་ལས་ཁུངས་ལ་ལའི་གནོན་ཤུགས་ཀྱི་དྲིལ་སྒྲོག་གནད་ལ་ཁེལ་མེད་པ་མཚོན་ཞིང་། སྔར་བཞིན་ཏང་ཡོན་ལས་བྱེད་པ་དག་ལ་སྒྲིག་ཁྲིམས་བརྩི་སྲུང་གི་འདུ་ཤེས་ཞན་པ་དང་སྒྲིག་སྲོལ་མེད་པ་རེད། རིམ་པ་སོ་སོའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དག་གིས་འདི་ལ་འཛེམ་ནས་གོམས་གཤིས་ངན་པའི་བསམ་བློ་དང་སེམས་ཁམས་མི་ལེགས་པ་དེ་མེད་པར་བཏང་ནས། རང་སྟེང་དུ་རང་སྲུང་དང་རང་རྟོག རང་འགན་བཅས་དངོས་ཡོད་ཡོངས་འགྲུབ་ཐུབ་པ་བྱེད་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།