རྨ་ལྷོ་ཁུལ་གྱི་ཁུལ་དཔོན་ཆཱོ་ཞོ་ཀྲི་ཡིས་ཏང་ལོ50ཅན་གྱི་ཏང་ཡོན་རྒན་པར་ཁམས་འདྲི་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། “ངེས་པར་དུ་ཏང་ཡོན་རྒན་པའི་འཚོ་བ་ལ་སེམས་ཁུར་དང་བདག་སྐྱོང་ལེགས་པོ་བྱེད་དགོས་ཤིང་། རང་འགུལ་གྱིས་འཚོ་བའི་ཁྲོད་ཀྱི་དཀའ་གནད་དོགས་སེལ་བྱས་ཏེ། ཁོ་ཚོར་རྒས་དུས་གསོ་མཁན་ཡོད་པ་དང་རྒས་རུང་སྤྲོ་སྣང་ལྡན་པ། ཚེ་མཇུག་བདེ་སྐྱིད་ལྡན་དུ་འཇུག་དགོས”ཞེས་ཁུལ་དཔོན་ཆཱོ་ཞོ་ཀྲི་ཡིས་བཅོལ་བདམས་གནང་བ་རེད། ཟླ9ཚེས24ཉིན་རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་ཁུལ་དཔོན་ཆའོ་ཞའེ་ཀྲི ཁུལ་དམངས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཞུས་ཝེ་ཧྥང་གཉིས་ཀྱིས་ཁམས་འདྲིའི་ཚོ་ཆུང་ཁྲིད་དེ་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཁམས་འདྲིའི་བྱེད་སྒོ་སྤེལ།

ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་རྨ་ལྷོ་གཞིས་ཁུལ་དུ་ཆའོ་ཞའེ་ཀྲི་ཡིས་རུ་དཔུང་ཁྲིད་དེ་ཟི་ལིང་ས་ཁུལ་དུ་སྡོད་པའི་ཏང་ལོ50ལ་སོན་པའི་རྨ་ལྷོ་ཁུལ་གྱི་ཏང་ཡོན་རྒན་པ་དག་ལ་ཁུལ་གྱི་འགོ་ཁྲིད་རྣམ་བཞི་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ་ཁམས་འདྲི་བྱས། ཏང་ཡོན་ལས་བྱེད་རྒན་པ་དག་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་སྨོན་འདུན་བསྐྱལ་བ་མ་ཟད། ཁོ་ཚོས་རྨ་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན། བཅོས་སྒྱུར་འཕེལ་རྒྱས་བཅས་ཀྱི་ཐད་སྒྲུབ་པའི་བྱས་རྗེས་གལ་ཆེན་ལ་བཀའ་དྲིན་ཞུས་པ་རེད། ཁམས་འདྲིའི་ཚོ་ཆུང་སྔ་གཞུག་ཏུ་ཝང་རྟ་འགྲིན་དང་ཀྲའོ་ཆིན་དབྱང་། ཚའོ་ཡོན་ཁྲང་། ལན་ཁྲང་བཅས་ཀྱི་ཁྱིམ་དུ་སོང་སྟེ་ཏང་ཡོན་རྒན་པ་དག་ལ་རྒྱུན་ལྡན་འཚོ་བ་དང་མིག་སྔའི་གནས་ཚུལ་སྐོར་གྱི་ཁ་བརྡ་བྱས། ཏང་ཡོན་རྒན་པ་དག་གིས་ལོ་འདི་དག་གི་རིང་ལ་རྨ་ལྷོའི་རིགས་སོ་སོའི་བྱ་གཞག་བཅོས་སྒྱུར་འཕེལ་རྒྱས་ཐད་བཏོན་པའི་བསམ་ཕྱོགས་གསར་བ་ལ་དོ་ཁུར་བྱས།

ཏང་ཡོན་རྒན་པ་དག་གིས་ཁམས་འདྲིའི་ཚོ་ཆུང་དག་དངོས་སུ་རང་ཁྱིམ་དུ་ཁམས་འདྲི་ལ་འོངས་བར་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་། སྔོན་ཆད་མང་ཚོགས་ཀྱི་ཆེད་དུ་སྒྲུབ་པའི་བྱ་བའི་ཉམས་མྱོང་དང་མྱོང་ཚོར་མཐའ་དག་མ་ལུས་རྒྱས་བཤད་བྱས། ཆའོ་ཞའེ་ཀྲི་ཡིས་བཤད་རྒྱུར། ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པ་ནི་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་རིན་ཐང་བྲལ་བའི་རྒྱུ་ནོར་ཡིན་ལ། ལས་གནས་ལས་བུད་རུང་ཏང་ལས་བུད་མེད་པ་དང་ལས་འཁྱུར་བྱས་རུང་ངོ་བོ་འགྱུར་མེད་པའི་གཟི་བརྗིད་ཀྱི་སྲོལ་རྒྱུན་འདི་ནི་ང་ཚོ་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་སྔར་བཞིན་རྒྱུད་འཛིན་དང་དར་སྤེལ་གཏོང་རིན་ཡོད་ཟེར། ཆའོ་ཞའེ་ཀྲི་ཡིས་ད་རུང་ཏང་ཡོན་རྒན་པ་དག་གིས་གསར་འགྱུར་སྨྱན་སྦྱོར་བརྒྱུད་དེ་མུ་མཐུད་དུ་རྨ་ལྷོ་ཁུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཐུགས་ཁུར་བྱས་ཏེ། མུ་མཐུད་དུ་རང་ནུས་འདོན་སྤེལ་གྱིས་རྨ་ལྷོ་ཁུལ་གྱི་རིགས་སོ་སོའི་བྱ་གཞག་གི་འཕེལ་རྒྱས་ཐད་ལ་རང་ནུས་དང་བྱས་རྗེས་འབུལ་རྒྱུའི་རེ་བ་བཅངས་ཡོད་པ་བསྟན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།