ལིག་ཉིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་ལ་ཉེ་བའི་སྐབས་འདིར་སྔོན་ཐོན་དཔེ་བཟང་མི་སྣར་འཚམས་འདྲི་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་ལ་ཉེ་བའི་ཟླ9པའི་ཚེས25ཉིན། ཞིང་ཆེནབ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲིན་ཀྲང་ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་དཔེ་བཟང་མི་སྣ་དང་དེའི་ནང་མིར་འཚམས་འདྲི་གནང་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ཏེ་ཁོང་ཚོར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ནས་ཁོང་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་བསྐྱལ་བ་རེད།

འཐབ་མོ་བ་རྒན་པ་ལིའུ་ཅིན་ཡུས་ནི1935ལོར་སྐྱེས། མེ་འགོག་ཁྲོ་རོགས་ཀྱི་དམག་འཁྲུག་ལ་ཞུགས་མྱོང་ལ་རིམ་གསུམ་བྱས་རྗེས་བཞག ཁོང་གིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུས་ནས་མཚོ་སྔོན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་ནས་བཟུང་མཚོ་སྔོན་དུ་གཞི་ཆགས་པ་རེད། སྒོར་འཛུལ་མ་ཐག་ལིག་ཉིང་གིས་ལིའུ་ཅིན་ཡུས་ཀྱི་ལག་པར་དམ་པོར་འཇུས་ནས་ཁོང་ལ་ལེགས་སྐྱེས་རྩ་ཆེན་ཞིག་ཕུལ་བ་སྟེ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་སྤྲད་པའི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་བར་རྟེན་འབྲེལ་ཞུ”ཞེས་པའི་དྲན་གསོའི་རྟགས་མ་གནང་བ་རེད།

རྨས་སྐྱོན་ཕོག་པའི་དམག་མི་ལིའུ་ཨེན་ཆིའི་ཁྱིམ་དུ་སོང་ནས་ལིག་ཉིང་གིས་ཁོང་དང་པུས་མོ་བཙུགས་ནས་འཚོ་བ་དང་ལུས་པོའི་གནས་ཚུལ་འདྲི་རྩད་ཞིབ་ཕྲ་གནང་བ་རེད། ལིག་ཉིང་གིས་སེམས་འགུལ་ཐེབས་པའི་སྒོ་ནས་ཁྱེད་ཀྱིས་མཚོ་སྔོན་གྱི་བཅོས་སྒྱུར་དང་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པས།བྱས་རྗེས་འཇོག་མཁན་ཞིག་རེད་ཅེས་བཤད། རྗེས་ཕྱོགས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས་འབྱོར་ཕྱུག་དཔལ་ཡོན་དང་། འཆམ་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་མཚོ་སྔོན་གསར་པ་བསྐྲུན་ཆེད་བསམ་འཆར་དང་གྲོས་གཞི་མང་པོ་འདོན་རྒྱུའི་རེ་བ་ཡོད་ཅེས་བསྟན།

ཏང་ཡོན་རྒན་གྲས་སུན་ཀུའེ་དབྱིང་གི་ཁྱིམ་དུ་ལིག་ཉིང་གིས་ཁོ་མོའི་ལག་པར་འཇུས་ནས་བདེ་སྡུག་འདྲི་བ་དང་། ལིག་ཉིང་གིས་ཁྱེད་ཀྱིས་རྒྱུན་དུ་གཞི་རིམ་ནས་བྱ་བ་ལས་བཞིན་ཡོད་པས་སྡེ་ཁུལ་གྱི་གྲོང་མིའི་བྱ་བ་ཆེ་ཆུང་དག་ལ་མི་ཚེའི་ཕྱེས་ཀ་བློས་བཏང་བ། ལས་འཁྱུར་ངལ་གསོ་ཞུས་རྗེས་ཐོག་མཐའ་བར་གསུམ་དུ་ཏང་ཡོན་གྱི་ཐོབ་ཐང་བློ་ལ་བརྟན་པོར་འཆང་སྟེ། ལས་འཁྱུར་ངལ་གསོ་ཞུས་རྗེས་སྡེ་ཁུལ་ལ་གཞོགས་འདེགས་ཀྱིས་བྱ་བ་བྱས་ཏེ། ཏང་ཡོན་རྒན་གྲས་ཀྱི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་ཞེས་བསྟན།

འཚམས་འདྲི་ཐོབ་པའི་སྔོན་ཐོན་དཔེ་བཟང་མི་སྣའི་འཐུས་མིས་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུས་པ། རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བར་སྨོན་འདུན་བཟང་པོ་ཞུས་པ་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་སྟེ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་ནུས་ལྷག་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།

ལོ་ཙཱ་བ། གཡང་སྐྱིད།