དཔའ་ལུང་རྫོང་གི་ཞིང་ལས་ལོ་ལེགས་སྨིན་པའི་རྒྱ་ཁྱོན་མུའུ་ཁྲི16.6ལ་བུད་ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ལོ་འདི་དག་གི་རིང་ལ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་གིས་བྱ་བའི་བྱེད་ཐབས་ལ་ཤུགས་སྣོན་དང་སྒྲིག་གཞིའི་བདག་དོམ་ལེགས་སྒྱུར་གྱིས་ཐོག་མཐའ་བར་གསུམ་དུ་ཞིང་ལས་ཐོན་སྐྱེད་ཀྱི་འཕར་སྣོན་དེས་སྲོལ་རྒྱུན་གྱི་ཞིང་ལས་དེ་ལྗང་མདོག་ཞིང་ལས་ཅན་ཏུ་བསྒྱུར་བར་དངོས་ཡོད་ཀྱི་སྐུལ་འདེད་བཏང་ཞིང་། ཁྱོན་ཡོངས་ནས་ཞིང་ལས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

དཔའ་ལུང་རྫོང་གི་རྩ་བ་གྲོང་རྡལ་སྲིང་མདའ་སྡེ་བའི་ལམ་འགྲམ་དུ་འདེབས་འཛུགས་བྱས་པའི་ཀེ་ཚེ་ཡི་རྒྱ་ཁྱོན་དེ་ལོ་ལེགས་ཡོངས་སུ་སྨིན་པའི་དུས་སུ་སླེབས་ཡོད་ལ། དེ་ཡང་སད་སེར་གནོད་སྐྱོན་གྱི་དབང་གིས་དཔའ་ལུང་རྫོང་གི་ཞིང་ལས་ལག་རྩལ་བྱ་བ་སྒྲུབ་མཁན་གྱིས་ཀེ་ཚེ་ལ་སད་སེར་གྱི་གནོད་འཚེ་ཐེབས་པའི་གནས་ཚུལ་གྱི་མ་དཔེ་བསྡུ་རུབ་བྱས་ཏེ་ཐོན་རྫས་ལ་ཚད་ལེན་དཔྱད་ཞིབ་བྱས། རྒྱུས་ལོན་ལས་ཤེས་གསལ་ལྟར་ན། ས་གནས་འདི་ནི་མཚོ་ངོས་ལས་མཐོ་བའི་ས་ཁུལ་དུ་གཏོགས་ཤིང་། ཀེ་ཚེ་འདེབས་འཛུགས་ཐད་ལ་ཡང་དམིགས་གསལ་གྱིས་སྔ་མོ་ནས་སྨིན་ཐུབ་པའི་རིགས་དེ་དགོས། ད་ལྟ་འདེབས་འཛུགས་བྱས་པའི་མཚོ་སྔོན་གྱི་སོན་བསྲེས4པའི་མུའུ་རེའི་ཆ་སྙོམས་ཀྱི་ཐོན་ཚད་ནི་སྤྱི་རྒྱ150ལ་སླེབས་ཡོད།

དཔའ་ལུང་རྫོང་འབྲུ་སྣུམ་ཐོན་ཡུལ་གཙོ་བོའི་ཁྲོད་ཀྱི་གཅིག་སྟེ་གྲའར་སྡེ་བས་མུའུ་ཁྲི་གཅིག་ལ་མེ་ཏོག་གི་རྒྱ་མཚོ་རུ་འགྱུར་བའི་རེ་འདུན་བཏོན་པ་བརྒྱུད། ད་ལོ་ཁྱིམ་ཚང་སོ་སོ་ཚང་མས་ཀེ་ཚེ་འདེབས་འཛུགས་བྱས། དཔའ་ལུང་རྩ་བ་གྲོང་རྡལ་གྱི་གྲའར་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་མ་ལེ་ཀྲི་པུའུ་ཡིས་གསར་འགོད་པ་ལ་བཤད་རྒྱུར། ད་ལོ་གྲའར་སྡེ་བས་ས་མུའུ2700ལྷག་ལ་ཀེ་ཚེ་འདེབས་འཛུགས་བྱས་ཤིང་། ད་ལོའི་ཀེ་ཚེ་ཡི་ཆ་སྙོམས་མུའུ་རེའི་ཐོན་ཚད་ནི་རྒྱ་མ400ནས500བར་ཡིན་པས། ལོ་རེའི་ལོ་ལེགས་སྨིན་ཚད་ཧ་ཅང་ལེགས་པ་རེད་ཟེར།

ད་ལྟའི་བར་དཔའ་ལུང་རྫོང་གི་རིགས་མི་འདྲ་བའི་ལོ་ཏོག་འདེབས་འཛུགས་ཀྱི་ལོ་ལེགས་སྨིན་པའི་རྒྱ་ཁྱོན་དེ་མུའུ་ཁྲི16.6ཡིན་ལ། དེའི་ཁོངས་སུ་དགུན་གྲོ་མུའུ་ཁྲི5ཡང་འདུས་ཡོད། དེའི་ཁྲོད་རི་ངོས་ས་ཁུལ་གྱི་དཔྱིད་གྲོའི་ལོ་ལེགས་སྨིན་ཚད་ཀྱི་རྒྱ་ཁྱོན་མུའུ་ཁྲི3.8དང་ཀེ་ཚེ་ཡི་རྒྱ་ཁྱོན་མུའུ་ཁྲི4.5 སྲན་མའི་རྒྱ་ཁྱོན་མུའུ་ཁྲི2.1 རི་ངོས་ས་ཁུལ་སུ་ནས་བཏབ་པའི་རྒྱ་ཁྱོན་མུའུ་ཁྲི1.2བཅས་ཡིན་པས། སྟོན་བསྡུའི་བྱ་བ་དེ་ད་ལྟ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། དེ་ལས་གཞན་རིགས་མི་འདྲ་བའི་ལོ་ཏོག་འདེབས་འཛུགས་འགོ་བརྩམས་པ་ནས་འབྲས་བུ་བླངས་པའི་བརྒྱུད་རིམ་ཁྲོད་ཞིང་ཕྱུགས་སྡེ་ཁག་གིས་གཙོ་བོ་ས་བོན་ལེགས་པོ་དང་ལུད་རྫས་སྡེབ་སྟངས། ཞིང་ལས་ལོ་ཏོག་གི་གནོད་འབུའི་ལྗང་མདོག་སྔོན་འགོག་བྱེད་པ། ལུད་རྫས་དང་འབྲེལ་བའི་ཞིང་སྨན་ཇེ་ཉུང་དུ་གཏང་བ་སོགས་ཀྱི་རིམ་པ་མི་འདྲ་བའི་ལག་རྩལ་བྱེད་ཐབས་འདྲ་མིན་མང་པོ་དར་སྤེལ་བཏང་ནས་རིགས་མི་འདྲ་བའི་ལོ་ཏོག་གི་སྐྱེ་རྒྱ་དེ་སྔར་ལས་ཇེ་ལེགས་སུ་བཏང་།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། ད་ལོ་དཔའ་ལུང་རྫོང་གིས་རིགས་མི་འདྲ་བའི་ལོ་ཏོག་་གི་འདེབས་འཛུགས་རྒྱ་ཁྱོན་དེ་མུའུ་ཁྲི54.95ཡོངས་འགྲུབ་བྱས་ཤིང་། དེའི་ཁྲོད་འབྲུ་རིགས་ཀྱི་ལོ་ཏོག་དེའི་རྒྱ་ཁྱོན་མུའུ་ཁྲི26དང་སྣུམ་རྒྱུའི་ལོ་ཏོག་མུའུ་ཁྲི22 འབྲུ་རིགས་དེ་ལས་གཙོ་བོ་ནི་གྲོ་དང་ཞོག་ཁོག ནས། སྲན་མ་སོགས་ཡིན། སྣུམ་རྒྱུའི་ལོ་ཏོག་གཙོ་བོ་ནི་ཀེ་ཚེ་དང་ཏུལ། དེའི་ཁྲོད་སྣུམ་རྒྱུའི་ཁྲོད་དུ་ས་བོན་མཉམ་བསྲེས་ཀེ་ཚེ་ལ་མུའུ་ཁྲི10དང་ཀེ་ཚེ་ཆུང་བ་མུའུ་ཁྲི12དང་ཏུལ་མུའུ4000བཏབ་པ་ལེགས་འགྲུབ་བྱུང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།