སྐབས་གཉིས་པའི་ཚྭ་འདམ་གཏེར་ཁུངས་གསར་སྤེལ་དང་རྒྱུ་ཆ་གསར་བའི་འགྲེམ་ཚོགས་བསྡུས་པ།

— ད་ལྟ་གཏེར་རིགས་མི་འདྲ་བ111གསར་རྙེད་བྱུང་ཞིང་དཔལ་འབྱོར་རིན་ཐང་སྒོར་དུང་ཕྱུར188ལས་བརྒལ་ཡོད་པ།

ཟླ9ཚེས24ཉིན། སྐབས་གཉིས་པའི་ཚྭ་འདམ་གཏེར་ཁུངས་གསར་སྤེལ་དང་རྒྱུ་ཆ་གསར་བའི་འགྲེམ་སྟོན་གྲོས་ཚོགས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་བསྡུས།

མཚོ་ནུབ་ཁུལ་ནི“མེས་རྒྱལ་གྱི་ནོར་བུའི་གཞོང་བ”ཚྭ་འདམ་དུ་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་གྱི་ནུབ་རྒྱུད་འཐབ་ཇུས་ཀྱི་བང་མཛོད་གལ་ཆེན་ཞིག་ཀྱང་ཡིན། ཚྭ་འདམ་གཞོང་གི་གཏེར་རིགས་ཐོན་ཁུངས་ཕུན་སུམ་ཚོགས་པས། ད་ལྟ་གསར་རྙེད་བྱུང་བའི་གཏེར་རྒྱུའི་རིགས་མི་འདྲ་བ111ཡོད་ཅིང་། ཚོད་དཔག་གསོག་འཇོག་བྱས་ཡོད་པའི་གཏེར་རིགས90ཡོད། དེའི་དཔལ་འབྱོར་གྱི་རིན་ཐང་སྒོར་དུང་ཕྱུར188ལ་བུད་ཡོད།

སྐབས་གཉིས་པའི་ཚྭ་འདམ་གཏེར་ཁུངས་གསར་སྤེལ་དང་རྒྱུ་ཆ་གསར་བའི་འགྲེམ་སྟོན་གྲོས་ཚོགས2018ལོའི་ཚྭ་འདམ་གཞོང་གི་འཚེ་མེད་ངང་གཏེར་ཁུངས་འཚོལ་ཞིབ་བྱེད་པའི་གྲོས་ཚོགས་ཆེན་མོའི་འཕྲོས་མཐུད་ཡིན་ལ། དུས་ཡུན་ལོ་ངོ་གཅིག་ལྷག་རིང་གི་ཞིང་ཆེན་ཕྱི་ནང་གི་ས་རྒྱུའི་རྩད་གཅོད་ལས་ཁུངས་དག་གི་འབད་བརྩོན་བརྒྱུད་ད་གཟོད་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་ཡོད། དེ་ཡང་མང་ཨེ་དང་ལིན་ཧུའུ་ས་ཁུལ་དུ་ཚད་ལེན་དཔྱད་ཞིབ་བརྒྱུད་རྡོ་སྣུམ་ཏུན་ཁྲི3273ཡོད་ལ། རང་བྱུང་སོལ་རླངས་རྨིད་གྲུ་བཞི་མ་དུང་ཕྱུར310ཡོད་པ་གསར་རྙེད་བྱུང་། ཐེན་ཆེན་རྫོང་གི་ཚྭ་ཁའི་བྱང་རིའི་ས་ཁུལ་དུ་སྤུས་ཚད་ལེགས་པོའི་ལེ་ཡི་གཏེར་ཁུལ་ཅིག་ཐོག་མར་གསར་རྙེད་བྱུང་། ན་གོར་མོ་གྲོང་ཁྱེར་གྱི་ཐོ་ལ་ཧའེ་ཆུ་བོའི་འབབ་རྒྱུད་དུ་སྤུས་ལེགས་ཆུ་ཤེལ་གྱི་རྡོ་སྣག་གཏེར་ཁ་རྙེད།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། ཐེངས་འདིའི་བྱ་འགུལ་དེ་གཙོ་བོ་འགོ་ཚུགས་མཛད་སྒོ་དང་གན་རྒྱ་འཇོག་པའི་བྱེད་སྒོ། དཔྱད་གླེང་གི་དགོངས་དོན་གཙོ་བོ། ཡོན་ཧྲིའི་ཆེད་མཁས་པ་དག་གི་བཞུགས་མོལ་གྲོས་ཚོགས། ཆེད་དོན་རིག་རྩལ་འཁྲབ་སྟོན། འཁོར་སྐར་གྱི་རྒྱང་སྒྱུར་ལག་རྩལ་བེད་སྤྱོད་དཔྱད་གླེང་། མཇུག་བསྡུའི་མཛད་སྒོ་སོགས་ཉོ་འཚོང་དང་རིག་གནས་བྱ་འགུལ་གྱིས་གྲུབ་འདུག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།