མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་སྣོན་ཆེད། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བའི་སོག་རིགས་རྩོམ་རིག་གསར་རྩོམ་གྲོས་ཚོགས་དེ་མཚོ་ནུབ་ཁུལ་དུ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ9ཚེས24ཉིན། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་མཚོ་ནུབ་ཁུལ་རིག་རྩལ་ལྷན་ཚོགས་ཀྱིས་འགན་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བའི་སོག་པོའི་རྩོམ་རིག་གསར་རྩོམ་གྲོས་ཚོགས་དེ་མཚོ་ནུབ་ཁུལ་དུ་བསྡུས་པ་རེད།

མཚོ་སྔོན་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། 《མཚོ་སྔོན་པོ》དུས་དེབ་ཀྱི་རྩོམ་སྒྲིག་འགན་ཁུར་བ་མེ་སྒྲོན་ཡང་གྲོས་ཚོགས་ཡང་ཞུགས་ཡོད། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་ཀྲུང་དབྱང་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། རྨ་ལྷོ་ཁུལ། མཚོ་བྱང་ཁུལ། ཀན་སུའུ་བྱང་རྒྱུད་དང་དེ་མིན་ཁུལ་ནང་ཁུལ་གྱི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ། རྩོམ་པ་པོ། ཤེས་ལྡན་མི་སྣ་བཅས་མི་གྲངས70ལྷག་གྲོས་ཚོགས་ལ་ཞུགས་པ་རེད། དེ་ཡང་མཚོ་སྔོན་ཞིང་ཆེན་གྱི་སོག་རིགས་རྩོམ་རིག་གསར་རྩོམ་ཀྱི་ད་ལྟའི་གནས་བབ་དང་གྲུབ་འབྲས། མ་འོངས་འཕེལ་རྒྱས་བཅས་ཀྱི་ཐད་ལ་ཆེད་དོན་ཞིབ་འཇུག་དཔྱད་སྡུར་གནང་བ་རེད།

ལོ་འདི་དག་གི་རིང་རང་ཞིང་གི་སོག་པོའི་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་བྱ་གཞག་ཐད་དུས་ཡུན་རིང་བོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཤིང་། བར་སྣང་གླག་རྒོད་ཀྱི་གཤོག་འགྱུར་ལྟ་བུའི་བློ་སྐྱེད་དང་ཧན་ཆན་ཀུ་ལིའི་ལོ་རྒྱུས་སྙན་ངག་གི་སྙན་ངག་གི་ཐུན་མིན་ཁྱད་ཆོས། སྲོལ་རྒྱུན་རིག་གནས་ཀྱི་གསོ་སྐྱོང་ལེགས་པོ། དེང་རབས་རིག་གནས་ཀྱི་ཤེས་བྱའི་གསབ་སྦྱོང་བཅས་ཀྱིས་སྔ་ན་མེད་པའི་སྟོབས་ཤུགས་ངེས་ཅན་ཞིག་གྲུབ་ཡོད་ལ། གསར་རྩོམ་གྱི་མདུན་ལྗོངས་ཡངས་བའི་སོག་པོའི་རྩོམ་པ་པོའི་དཔུང་སྡེ། ཁོ་ཚོའི་བརྩམས་ཆོས་ཀྱི་ཁ་གྲངས་ཕུན་སུམ་ཚོགས་པར་བཏང་བ་མ་ཟད། མི་རིགས་དང་ས་ཁོངས་ཁྱད་ཆོས་མངོན་གསལ་དོད་པོར་གྱུར་ལ། ཞིང་ཆེན་ཡོངས་ཀྱི་སོག་པོའི་རྩོམ་རིག་གསར་རྩོམ་དར་རྒྱས་དང་རིགས་སོ་སོའི་བར་གྱི་རྩོམ་རིག་རིག་གནས་ལ་བསམ་བློ་བརྗེ་རེས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ལ་སྔར་མེད་གསུབ་ཐབས་མེད་པའི་བྱས་རྗེས་བཞག་ནས་སྐུལ་འདེད་བཏང་ཡོད།

ཐེངས་འདིར་གྲོས་ཚོགས་བསྡུས་པ་བརྒྱུད་རང་ཞིང་གི་སོག་པོའི་རྩོམ་རིག་གསར་རྩོམ་གྱི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཞིང་། མི་རིགས་ཀྱི་རིག་གནས་ལ་སྐུལ་ཤུགས་གསར་སྣོན་བྱེད་པར་རྒྱུན་འཛིན་བྱས་ནས། ཞིང་ཆེན་ཕྱི་ནང་གི་སོག་པོའི་རྩོམ་པ་པོ་དག་ལ་འཇོན་ནུས་འགྲེམས་སྤེལ་དང་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་བསྐྲུན་ཡོད།

གྲོས་ཚོགས་ཀྱི་སྐབས་སུ། གྲོས་ཚོགས་ལ་ཟབ་ཞུགས་བྱས་པའི་མི་སྣ་དག་གིས་ཧའེ་ཙིའི་སྙན་ཚིག་བཤམས་སྟོན་ཁང་དང་ཏི་ཏུའུ་སོག་པོའི་ཡིག་ཚགས་ལྟེ་གནས། མཚོ་ནུབ་གཟུགས་འདས་ཤུལ་བཞག་དར་སྤེལ་ལྟེ་གནས། མཚོ་ནུབ་རྩོམ་རིག་སྒྱུ་རྩལ་གྱི་གྲུབ་འབྲས་འགྲེམས་སྟོན་ཁང་། ཁུལ་དངོས་མང་བཤམས་སྟོན་ཁང་། གཏེར་ལེན་ཁ་གྲོང་ཁྱེར་གྱི་ཐོའར་ཀུན་ཁྱིམ་གཞིས་བཅས་ལ་ལྟ་སྐོར་བྱས་ཤིང་། མཚོ་ནུབ་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས། སྐྱེ་ཁམས་སོགས་ཕྱོགས་མི་འདྲ་བ་སོ་སོའི་ཐད་ཀྱི་འཛུགས་སྐྲུན་གྲུབ་འབྲས་ལ་རྒྱུས་ལོན་གསལ་བོ་ཞིག་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།