དབྱང་ཧྥུན་ཁྲུན་གྱིས་ཞའོ་ཏའོ་རུང་ཨེར་འཁོར་དང་བཅས་པར་ཐུག་འཕྲད་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས23ཉིན།་ ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་གྱིས་ཟི་ལིང་དུ་འཇར་པན་ཞའོ་ཏའོ་ཁྲུང་ཡ་བཟོ་ལས་ཀུང་ཟིའི་འགོ་གཙོ་ཞའོ་ཏའོ་རུང་ཨེར་འཁོར་དང་བཅས་པར་ཐུག་འཕྲད་གནང་བ།

དབྱང་ཧྥུན་ཁྲུན་གྱིས་ཞའོ་ཏའོ་རུང་ཨེར་སོགས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་འཇར་པན་ནས་མཚོ་སྔོན་ལ“མཚོ་སྔོན་དང་འཇར་པན་གྱི་རིག་གནས་བརྗེ་རེས་གྲོས་ཚོགས” དང “ ཞའོ་ཏའོ་ཁེ་ལས་ཀྱིས་མཚོ་སྔོན་ཞིང་ཆེན་ལ་ཞལ་འདེབས་ཕུལ་བའི་མ་དངུལ་སྣ་ཚོགས་ཀྱི་གསར་སྒྱུར་གྲོས་མཐུན་འགོད་པའི་མཛད་སྒོར” ཞུགས་པར་ཡོང་བར་དགའ་བསུ་ཞུས་པ་རེད། དབྱང་ཧྥུན་ཁྲུན་གྱིས་སྐུ་ཞབས་ཞའོ་ཏའོ་ལེའོ་ཚི་ལང་དང་ཞའོ་ཏའོ་དབྱང་དབྱི་ལང་གཉིས་ཀྱིས་དུན་ཡུན་རིང་པོར་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་སློབ་གསོ་སོགས་ཕྱོགས་མང་པོའི་ཐད་བྱས་རྗེས་འབུར་ཐོན་བཞག་པ་དང་། ཞའོ་ཏའོ་རུང་ཨེར་ཐེངས་འདིར་མཚོ་སྔོན་ལ་ཡོང་བ་ནི། མཚོ་སྔོན་ཞིང་ཆེན་དང་ཞའོ་ཏའོ་ཁེ་ལས་སྡེ་ཚོགས་ཀྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་དང་སྔར་ལས་འཕེལ་རྒྱས་སུ་བཏང་བ་རེད་ལ། ང་ཚོས་སྐུ་ཞབས་ཞའོ་ཏའོ་ལེའོ་ཚི་ལང་གིས་ཀྲུང་གོ་དང་འཇར་པན་གྱི་མཛའ་བརྩེ་ལས་དོན་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཐེངས་འདིར་ཞའོ་ཏའོ་ཁེ་ལས་ཀྱིས་མཚོ་སྔོན་ཞིང་ཆེན་ལ་ཞལ་འདེབས་ཕུལ་བའི་མ་དངུལ་སྣ་ཚོགས་ཀྱི་གསར་སྒྱུར་གྲོས་མཐུན་བཀོད་པ་དེས། དམིགས་སའི་རང་བཞིན་སྔར་ལས་ཆེ་བའི་སྒོ་ནས་མཚོ་སྔོན་གྱི་ལས་དོན་ཁག་འཕེལ་རྒྱས་ཡོང་བར་རོགས་རམ་བྱེད་ཆེད་ཡིན་ཟེར།

དབྱང་ཧྥེང་ཁྲུན་གྱིས་མཚོ་སྔོན་གྱི་ས་རྒྱ་ཆེ་ལ་ཐོན་ཁུངས་ཕུན་སུམ་ཚོགས་པས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལྡན་ཡོད་མོད། འོན་ཀྱང་འཕེལ་རྒྱས་ཀྱི་འཇུར་མིག་ཁ་ཤས་ལ་ཡང་འཕྲད་ཡོད། རྗེས་ཕྱོགས་ཞའོ་ཏའོ་ཁེ་ལས་ཚོགས་པ་དང་མཛའ་མཐུན་གྱི་འབྲེལ་བ་བསྐྱངས་ནས། འཇོན་མི་གསོ་སྐྱོང་སོགས་ཐད་མཉམ་ལས་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས། སྲོལ་རྒྱུན་མཛའ་གྲོགས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་རྒྱུའི་རེ་བ་ཡོད་ཅེས་བཤད།

ཞའོ་ཏའོ་རུང་ཨེར་གྱིས་དུས་ཡུན་རིང་པོའི་ནང་མཚོ་སྔོན་ཞིང་ཆེན་གྱིས་གཞོགས་གཉིས་ཀའི་མཛའ་གྲོགས་བརྗེ་རེས་ལས་དོན་ལ་མཐོང་ཆེན་དང་སྐུལ་འདེད་གཏང་བའི་ཐད་འབད་བརྩོན་བྱས་པ་དང་། ཞའོ་ཏའོ་ཁེ་ལས་ལ་སྤྱི་འདོམས་དོ་དམ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཐེབས་རྩ་ཁག་ཞལ་འདེབས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་རྗེས་ཕྱོགས་ཞའོ་ཏའོ་ཁེ་ལས་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་དབར་གྱི་མཉམ་ལས་བརྗེ་རེས་ལ་མུ་མཐུད་སྐུལ་འདེད་གཏང་རྒྱུ་མ་ཟད། ད་དུང་མཛའ་གྲོགས་འབྲེལ་བ་དེ་སྲ་བརྟན་དང་དར་སྤེལ་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།

ལོ་ཙཱ་བ། གཡང་སྐྱིད།