ཟླ10པའི་ཚེས1ཉིན་ནས་ཚེས3ཉིན་བར་ཚྭ་མཚེའུ་མཛེས་ལྗོངས་སྒོ་འཛིན་རིན་ཕྱེད་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན།  གསར་འགོད་པས་ནུབ་རྒྱུད་གཏེར་ལས་ཚོགས་པའི་མཚོ་སྔོན་ཚྭ་མཚེའུ་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། 2019ལོའི་ཟླ10པའི་ཚེས1ཉིན་ནས་ཚེས3ཉིན་བར། མཚོ་སྔོན་ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱིས་སྒོ་འཛིན་རིན་གོང་ཕྱེད་ཀ་མར་གཅོག་པའི་རོགས་སྒྲུབ་སྲིད་ཇུས་བཏོན་ནས་ཡུལ་སྐོར་བར་དམངས་ཕན་ལག་སྐྱེས་ཆེན་པོ་འབུལ་རྒྱུ་ཡིན་པ་རེད།

ཟླ10པའི་ཚེས1ཉིན་ནས་ཟླ10པའི་ཚེས3ཉིན་བར་དུ། ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་དེ་སྔའི་མི་རེར་སྒོར60ནས་མི་རེར་སྒོར30བར་འཕབ་རྒྱུ་དང་། དེ་སྔའི་སྒོ་འཛིན་རིན་ཕྱེད་ཅན་ལ་མི་རེར་སྒོར15ལས་ལེན་རྒྱུ་མ་རེད། དེ་དང་ཆབས་ཅིག་ཏུ། མཛེས་ལྗོངས་ཁུལ་དུ་མེ་འཁོར་ཆུང་གྲས་དང་དེ་བཞིན་གྲུ་གཟིངས་ཀྱི་སྒོ་འཛིན་ཆ་ཚང་དང་ཚོགས་པའི་སྒོ་འཛིན་ལའང་དེ་མཚུངས་ཀྱི་རོགས་སྒྲུབ་སྲིད་ཇུས་བཏོན་པ་རེད།

གཞན་ཡང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་ཆེད། ཟླ10པའི་ཚེས1ཉིན་ནས་ཟླ10པའི་ཚེས3ཉིན་བར་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ཕྱེད་ཀ་གཅོག་པའི་རོགས་སྒྲུབ་སྲིད་ཇུས་ཕུད། ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣས་ད་དུང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་དང་མཉམ་དུ་རྒྱལ་གཅེས་གླུ་གཞས་གཏང་རྒྱུ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།