ཆབ་སྲིད་ཀྱི་གོ་རྟོགས་མཐོར་འདེགས། ཚན་རིག་གི་ངོ་བོར་བརྩི་སྲུང་། ནུས་ཤུགས་ཡོད་རྒུས“མདེལ་གཉིས་སྐར་གཅིག”གི་ཕུགས་འདུན་སློབ་གསོའི་སློབ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ9པའི་ཚེས23ཉིན།   མཚོ་སྔོན་ཞིང་ཨུའི་རྒྱུན་ཨུ་དྲིལ་སྒྲོག་པུའི་པུའུ་ཀྲང་ཀྲང་ཤིས་མིང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ“མདེལ་གཉིས་སྐར་གཅིག”གི་ཕུགས་འདུན་སློབ་གསོའི་སློབ་གླིང་འཛུགས་སྐྲུན་ལ་རྟོག་ཞིབ་གནང་བ་རེད། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མཚོ་བྱང་ཁུལ་ཏང་ཨུའི་ཧྲུའུ་ཅུ་ཉི་མ་སྒྲོལ་མ་རྟོག་ཞིབ་གནང་བར་མཉམ་དུ་ཆས་པ་ཡོད་པ་རེད། 

ཀྲང་ཤིས་མིང་གིས“མདེལ་གཉིས་སྐར་གཅིག”ཕུགས་འདུན་སློབ་གསོ་སློབ་གླིང་གི་ཨར་ལས་བྱ་ཡུལ་དུ་བསྐྱོད་དེ་ལས་གྲྭའི་འཕེལ་རིམ་དང་གྲ་སྒྲིག་བྱ་བའི་གནས་ཚུལ་ལ་རྒྱས་ལོན་གསལ་པ་བྱས་པ་དང་འབྲེལ། དེ་སྔའི221བཟོ་གྲྭའི་ཧྲང་ཞིན་ས་ཚིགས་དང་། ཡན་ལག་བཟོ་གྲྭ་གཉིས་པར་བསྐྱོད་དེ་ཡུལ་དངོས་སུ་སློབ་ཁྲིད་ས་ཚིགས་བསྐྲུན་ཚུལ་ལ་རྟོག་ཞིབ་གནང་སྟེ། སློབ་གླིང་གི་སྒྲིག་བཟོའི་ལས་གྲྭའི་སྤུས་ཚད་དང་། བདེ་འཇགས་ལས་གྲྭ། དེ་བཞིན་ཡུལ་དངོས་ཀྱི་སློབ་ཁྲིད་ས་ཚིགས་ཀྱི་དངོས་ཆས་འགྲེམས་སྟོན་བཅས་ཀྱི་གནད་དོན་ཐད་མཚོ་བྱང་ཁུལ་གྱི་འགན་འཁུར་བློ་མཐུན་དང་དེ་བཞིན་སྐྲུན་འགན་འཁུར་བའི་ཚན་པ་དང་བསམ་འཆར་བརྗེ་རེས་གནང་ནས་གོམ་སྟབས་རྗེས་མའི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་ཐད་རེ་བ་བཏོན་པ་རེད། 

ཀྲང་ཤིས་མིང་གིས་མཚོ་བྱང་ཁུལ་གྱིས་སློབ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཀྱི་བྱ་བ་གང་མང་ལས་པ་དང་ཕན་འབྲས་ཡག་པོ་བླངས་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོས་ཆབ་སྲིད་ཀྱི་གོ་རྟོགས་སྔར་བས་མཐོ་རུ་བཏང་ནས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་སོགས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དེ་བཞིན“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་ཚད་མཐོའི་སློབ་གླིང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ལ་སྣེ་ཁྲིད་དང་རྒྱལ་ཡོངས་ལ་ཁྱབ་འགྱེད་བྱེད་པའི་གསར་བརྗེའི་སྲོལ་རྒྱུན་སློབ་གསོའི་རྟེན་གཞིར་བསྒྱུར་ནས། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་བར་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། དོན་འཁྱོལ་ལ་སྔར་ལས་དམ་འཛིན་ཡག་པོ་དང་། ཨར་ལས་ཀྱི་འཕེལ་རིམ་ཁོང་དུ་ཆུད་པ་དང་སློབ་གླིང་གི་བཀོད་པ་འཆར་འགོད་སོགས་ཚང་མས་ཚན་རིག་ལ་བརྩི་འཇོག་དང་། དོན་དངོས་དང་བསྟུན་པ་དང་ཆོས་ཉིད་གཞིར་བཟུངནས་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ལ། འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཀྱིས་མདུན་ཕྱོགས་བཀོད་འདོམས་ལ་བརྟེན་པ་དང་། སྒྲིག་འཛུགས་དང་། མཐུན་སྦྱོར། གཅིག་གྱུར་འཆར་འགོད་བཅས་ལ་ཤུགས་སྣོན་རྒྱག་པ།  ལས་ཀའི་འགན་འཁྲི་ཆེ་རུ་གཏང་བ་བཅས་བྱས་ནས་སློབ་གླིང་འཛུགས་སྐྲུན་གྱི་སྔོན་དཔག་དམིགས་ཚད་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བཤད། 

ལོ་ཙཱ་བ།རྟ་མགྲིན་དཔལ།