གཞོང་ཐང་རྫོང་གི་རྣམ་པ་གསར་པའི་གྲོང་རྡལ་བསྐྲུན་ཚད་བརྒྱ་ཆའི33.76ལ་འཕར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ལོ་ངོ་འདི་དག་གི་རིང་ལ། མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧའེ་རིགས་རང་སྐྱོང་རྫོང་གིས་ལམ་སྲོལ་འཐུས་ཚང་དུ་བཏང་ཞིང་། རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། མཁར་གྲོང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་གོམ་སྟབས་མངོན་གསལ་གྱིས་མགྱོགས་སུ་ཕྱིན་པ་དང་། རྫོང་ཡོངས་ཀྱི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ཚད་བརྒྱ་ཆའི33.76ལ་བསླེབས།

གྲོང་ཁྱེར་གྱི་སྣང་བརྙན་ཇེ་ལེགས་སུ་གཏང་ཆེད། གཞོང་ཐང་རྫོང་གིས་ད་ལོར་མྱུར་བགྲོད་གཞུང་ལམ་གྱི་ཕྱིར་གཏོང་ནང་འདྲེན་གྱི་ལྷོ་ངོས་སུ་མ་དངུལ་བཏང་ནས་སྤྱི་ཆིང23ཟིན་པའི་རྨ་ཙོང་ཐང་འདམ་རའི་སྤྱི་གླིང་བསྐྲུན་པ་དང་། དེ་སྔའི་སྤྱི་གླིང་རྙིང་པ་དེ་ཆུ་དང་སྔོ་ཁེབས་མཉམ་འདྲེས་དང་བེད་ནུས་ཆ་ཚང་བའི་སྣོད་བཅུད་སྤྲོ་གསེང་སྤྱི་གླིང་གསར་པ་ཞིག་ཏུ་བསྒྱར་ནས་གྲོང་མིའི་སྡོད་གནས་ཁོར་ཡུག་ཇེ་ལེགས་དང་ཆབས་ཅིག ཙོང་ཆུའི་གཙང་བཟོའི་སྐྱེ་ཁམས་ཕན་འབྲས་འདོན་སྤེལ་བྱས་པ་རེད།

ད་ལོའི་ཚུན་དུ། གཞོང་ཐང་རྫོང་གིས་འགོ་འཛུགས་ས་མཐོ་བའི་འཆར་འགོད་དང་། ཚད་གཞི་མཐོ་བའི་འཛུགས་སྐྲུན། སྤུས་ཚད་མཐོ་བའི་སྐུལ་འདེད། ཆུ་ཚད་མཐོ་བའི་དོ་དམ་བཅས་བྱས་ནས་ཁྲོན་ཧའེ་གཞི་གཅིག་ཅན་གྱི་འཕེལ་རྒྱས་མངོན་གསལ་ཡོང་བ་དང་། སྐྱེ་ཁམས་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཅས་བྱས་ནས་གྲོང་མིར་སྤུས་ཚད་དེ་བས་མཐོ་བའི་སྡོད་གནས་ཁོར་ཡུག་མཁོ་འདོན་བྱས། དེ་དང་ཆབས་ཅིག སྤུས་ཚད་མཐོ་བ་དང་ཁྱད་ལྡན་ཅན་གྱི་ཐོག་ནས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏང་བ་བཅས་བྱས་ནས། མཚོ་སྔོན་ཤར་རྒྱུད་ཀྱི་གྲོང་ཁྱེར་སྣང་བརྙན་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་པ་རེད། 

ལོ་ཙཱ་བ། ཀླུ་མོ།