རང་ཞིང་གི་སློབ་མ་ཁྲི366ལ་སློབ་གསོའི་རོགས་དངུལ་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་བསྡུས་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན། 2011ལོའི་ཚུན་དུ། རང་ཞིང་གིས་ཁྱོན་བསྡོམས་སློབ་གསོའི་རོགས་དངུལ་སྒོར་དུང་ཕྱུར47.59བཏང་ཞིང་། སློབ་མ་ཁྲི366.29ལ་རོགས་རམ་བྱས་ཏེ། ལོ་དགུའི་འོས་འགན་སློབ་གསོའི་སྲ་བརྟན་ཚད་བརྒྱ་ཆའི96.85ལ་བསླེབས་པ་རེད།

2011ལོར། མཚོ་སྔོན་ཞིང་ཆེན་གྱི“གཞི་རྩའི་ཆ་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཞིང་། 2017ལོར་ཞིང་ཆེན་ཡོངས་ཀྱི་སློབ་བྱོལ་ལ་འགན་སྲུང་དང་ཚོད་འཛིན་བྱེད་པའི་ལས་སྒོ་སྤེལ་བ་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་གྱི་ལོ་དགུའི་འོས་འགན་སློབ་གསོའི་ཚད་གཞི་མཐོ་རུ་ཕྱིན་ནས། 2020ལོའི་རྒྱལ་ཁབ་ཀྱི95%ཡི་འཆར་འགོད་དམིགས་ཚད་སྔོན་ལ་མངོན་འགྱུར་བྱུང་བ་དང་རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)43ལ་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་དོ་སྙོམས་རྫོང་གི་ཞིབ་བཤེར་རྩིས་ལེན་ཐོབ་ཡོད་པ་རེད། 

འོས་འགན་སློབ་གསོའི་ཁྱབ་གདལ་ཆུ་ཚད་མཐོ་རུ་གཏང་བའི་བརྒྱུད་རིམ་ནང་། མཚོ་སྔོན་ཞིང་ཆེན་གྱིས་དམིགས་བསལ་ཚོགས་སྤྱིའི་སློབ་གསོ་དྲང་གཞག་ལ་དོ་ཁུར་ཆེན་པོ་བྱས་ཏེ། གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་གྱི་བུ་ཕྲུག་དང་། གཞིས་ལུས་བྱིས་པ། ཁྱིམ་ཚང་གི་དཔལ་འབྱོར་འཁོས་ཀ་ཞན་པའི་སློབ་མ་སོགས། དམིགས་བསལ་ཚོགས་སྤྱིར་འདྲ་མཉམ་ངང་འོས་འགན་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་སྲིད་གཞུང་གི་འགན་ལེན་ཁྱབ་ཁོངས་ནང་བཅུག་ནས་རོགས་དངུལ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་བཏང་། 2018ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་སུ་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་ཁྲི50.89ཡོད་པ་དང་། སློབ་ཆུང་དང་དམའ་རིམ་སློབ་འབྲིང་ནས་ཐོན་པའི་སློབ་རིམ་འཕར་ཚད102.42%དང་། 50.29%སོ་སོར་ཟིན་པ། སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སློབ་ཞུགས་གོ་སྐབས་ཚད106.45%དང་111.79%སོ་སོར་ཟིན་པ་བཅས་རེད། 

དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་ཡོངས་ལ་སློབ་མ་རེའི་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་དང་དྲོད་ལེན་གྲོན་དངུལ་གྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་། སློབ་མའི་རྩག་རྩིག་དངུལ་མེད་པར་བཟོ་རྒྱུ། སློབ་དེབ་རིན་མེད་ངང་མཁོ་འདོན་བྱ་རྒྱུ་བཅས་རེད། དུས་མཚུངས་སུ། སློབ་མ་རེར་ལོ་རེར་སྒོར1100ནས1900བར་གྱི་ཚད་གཞི་ལྟར་རོང་འབྲོག་ཁུལ་གྱི་ཞག་སྡོད་སློབ་མ་དང་གྲོང་ཁྱེར་གྱི་ཁྱིམ་ཚང་དབུལ་པོའི་ཞག་སྡོད་སློབ་མར་འཚོ་བའི་ཁ་གསབ་སྤྲད་རྒྱུ་དང་། ལོ15ཡི་སློབ་གསོའི་རོགས་དངུལ་སྲིད་ཇུས་ཀྱིས་བོད་རིགས་ས་ཁུལ་གྱི་ཁུལ6གི་སློབ་མ་ཡོངས་དང་ཟི་ལིང་དང་མཚོ་ཤར་གྱི་ཁྱིམ་ཚང་དབུལ་པོའི་སློབ་མ་ཚང་མར་ཕན་པ་འཐོབ་རྒྱུ་རེད།

ལོ་ཙཱ་བ། ཀླུ་མོ།