ཞིང་ཆེན་ཡོངས་ཀྱི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཕྱོགས་སྡོམ་གྲོས་ཚོགས་བསྡུས་པ། ཝང་ཅན་ཅོན་གྱིས་གཏམ་བཤད་གནང་བ་དང་ལིག་ཉིང་གྲོས་ཚོགས་ལ་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ་9ཚེས23ཉིན་གྱི་སྔ་དྲོ། ཞིང་ཆེན་ཡོངས་ཀྱི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཕྱོགས་སྡོམ་གྲོས་ཚོགས་དེ་ཟི་ལིང་གྲོང་ཁྱེར་དུ་བསྡུས་པ་རེད། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་བྱས་ཏེ། ཁྱོན་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་སྒྲིག་གཞི་བཅོས་སྒྱུར་བྱ་བར་ཕྱོགས་སྡོམ་བྱས། བྱ་བའི་ཉམས་མྱོང་ཐད་ཀྱི་བསམ་བློ་བརྗེ་རེས་དང་ཐེངས་རྗེས་མའི་ལས་འགན་གཙོ་བོ་བཀོད་སྒྲིག་ལེགས་པོ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ཝང་ཅན་ཅོན་གྱིས་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ལིག་ཉིང་གིས་ཀྲུང་དབྱང་གི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་ལ་བཅོས་སྒྱུར་བྱས་པའི་ཕྱོགས་སྡོམ་གྲོས་ཚོགས་ཀྱི་དགོངས་དོན་དེ་ཁྱབ་བསྒྲགས་བྱས་པ་རེད།

ཝང་ཅན་ཅོན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་ལ་བཅོས་སྒྱུར་གཏིང་ཟབ་བྱེད་པའི་ཕྱོགས་སྡོམ་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་དེས། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་དེ་སྔར་ལས་མུ་མཐུད་དུ་འཐུས་ཚང་ཅན་ཏུ་བཏང་ཞིང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བྱེད་པར་ཡང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ནས་གཞི་རྩའི་འཁོར་སྐྱོད་ནུས་པ་མཁོ་སྤྲོད་གནང་ཞིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བསམ་བློའི་མཚོན་ཆ་བཀོལ་ཏེ། ཁྱོན་ཡོངས་ནས་བརྡར་གཅོད་གསར་བ་དང་གྲུབ་འབྲས་གསར་བ། ཉམས་མྱོང་གསར་བ། ལས་འགན་གསར་བ། བླང་བྱ་གསར་བ་བཅས་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་དེ་ཏང་ཀྲུང་དབྱང་གི་བཀོད་སྒྲིག་རེ་འདུན་སྟེང་དུ་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྒྲིག་གཞིའི་བཅོས་སྒྱུར་བྱ་བ་དེ་གནས་བབ་གསར་བ་ཞིག་ལ་བགྲུབ་པར་ཧུར་ཐག་གིས་བརྩོན་ལེན་བྱས་ནས། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཅན་དུ་གཏང་བར་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་དང་ཞབས་ཞུ་ལ་སྐུལ་འདེད་གཏང་དགོས་ཟེར།

ཝང་ཅན་ཅོན་གྱིས་བསྟན་དོན། རང་ཞིང་གི་སྒྲིག་གཞིའི་བཅོས་སྒྱུར་འགོ་བརྩམས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་ཐག་གཅོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བཏོན་པའི་བྱ་བའི་རེ་འདུན་བླང་བྱ་དག་ལག་ལེན་མཐར་ཕྱིན་དུ་དངོས་འབེབས་དོན་འཁྱོལ་བྱས་ཤིང་། འགྱིག་གཞོང་གཅིག་གི་རྡེའུ་ལྟར་གཅིག་གྱུར་བཀོད་སྒྲིག་རྒྱུན་འཁྱོངས་བྱེད་པ་གཞིར་བཟུང་སྟེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ས་ཁུལ་གྱི་སྒྲིག་གཞི་ལ་བཅོས་སྒྱུར་བྱེད་པར་སྐུལ་འདེད་བྱས་ནས། སྒྲིག་གཞི་བཅོས་སྒྱུར་གྱི་ཁ་ཕྱོགས་རང་བཞིན་དང་མ་ལག་རང་བཞིན། སྙོམས་སྒྲིག་རང་བཞིན། དངོས་ཕན་རང་བཞིན། གཟབ་ནན་རང་བཞིན་བཅས་འབུར་དུ་ཐོན་པར་བྱས་ཏེ། དུས་ལྟར་འགན་སྲུང་སྤུས་ཚད་དང་སྒྲིག་གཞིའི་བཅོས་སྒྱུར་ལས་འགན་ཡོངས་འགྲུབ་བྱས་ནས། དག་ཐེར་གྱི་ཕན་འབྲས་ལེགས་པོ་བླངས་ཏེ། རྗེས་ཕྱོགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ནུས་ཤུགས་གང་ཡོད་ཀྱིས་སྒྲིག་གཞི་བཅོས་སྒྱུར་གྱི་མཇུག་མཐའི་ལས་འགན་ལེགས་པོར་སྒྲུབ་པ་དང་ཏང་གི་ཐོག་མཐའ་བར་གསུམ་གྱི་བཀོད་སྒྲིག་དང་ཕྱོགས་སོ་སོར་སྙོམས་སྒྲིག་བྱེད་པ་ལ་ཁག་ཐེག་འགན་སྲུང་སྒོས་སྒྲིག་གཞིའི་འགན་ནུས་དེ་གྲོས་མཐུན་ཕན་ནུས་ཅན་ལ་གཏོང་བར་འགན་སྲུང་བྱེད་དགོས། ཁྱོན་ཡོངས་ནས་གཏན་ཁེལ་གསུམ་གྱི་གཏན་འབེབས་དངོས་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ། འབྲེལ་ཡོད་སྒྲིག་འཛུགས་ཀྱི་བཅོས་སྒྱུར་དངོས་འབེབས་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ། སྒྲིག་གཞི་རྩོམ་སྒྲིག་གི་བདག་དོམ་ཆུ་ཚད་དེ་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བར་འགན་སྲུང་ཁག་ཐེག་བྱེད་པ་བཅས་ཀྱིས་མུར་འཕེལ་སྲ་བརྟན་དང་སྒྲིག་གཞིའི་བཅོས་སྒྱུར་གྱི་གྲུབ་འབྲས་རྒྱུན་བསྲིངས་ངང་ཞིང་ཆེན་ཡོངས་ཀྱཡི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་ཚད་ཇེ་མགྱོགས་སུ་གཏོང་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཐེངས་འདིའི་སྒྲིག་གཞི་བཅོས་སྒྱུར་གྱི་ལས་འགན་ཡོངས་འགྲུབ་ཀྱིས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་དེར་ཕན་གྱི་ཆ་རྐྱེན་གསར་གཏོད་བྱས་ཤིང་། བཅོས་སྒྱུར་ཆོད་སེམས་སྲ་བརྟན་དང་རྩད་གཅོད་ཞིབ་འཇུག་བྱ་བར་ཤུགས་སྣོན། གོམ་སྟབས་བརྟན་པོའི་ངང་མདུན་སྐྱོད་བྱེད་པར་རྒྱུན་འཁྱོངས། བཅོས་སྒྱུར་ལག་བསྟར་དངོས་འབེབས་དམ་འཛིན་བྱེད་པ་བཅས་ཀྱིས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཅན་དུ་གཏང་བར་སྔ་ན་མེད་པའི་གྲུབ་འབྲས་བླངས་པ་མ་ཟད། མཚོ་སྔོན་འཛུགས་སྐྲུན་གྱི་ལེའུ་གསར་བ་ཞིག་ཀྱང་འབྲི་བཞེངས་བྱས་ཡོད་པ་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡེས་ཡན་གྱིས་གཙོ་སྐྱོང་གཏམ་བཤད་ཁྲོད་བསྟན་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་དང་བསམ་བློའི་ངོས་འཛིན་ལ་ཤུགས་སྣོན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་མུ་མཐུད་དུ་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་རེ་འདུན་གསར་བར་སྐུལ་འདེད་བཏང་ནས་གོ་བ་དང་རྒྱུས་ལོན་ཟབ་མོ་བྱ་དགོས། མུ་མཐུད་དུ་སྔར་བཞིན་མ་ལག་འཐུས་ཚང་ཅན་དང་ཚན་རིག་སྒྲིག་སྲོལ་ཅན། འཁོར་སྐྱོད་ཕན་འབྲས་བཅས་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་བསྒྱུར་བར་སྐུལ་འདེད་བྱས་ནས། སྲོག་ཤིང་གཙོ་གནད་དུ་བཟུང་ནས་བཅོས་སྒྱུར་གྱི་གྲུབ་འབྲས་གཏིང་ཟབ་དུ་སྤེལ་དགོས་ལ། གོམ་གང་མདུན་སྤོས་སྒོས་ཏང་ཡོངས་ཀྱི་བྱ་བ་གལ་ཆེན་ལ་འགོ་ཁྲིད་མ་ལག་བཙུགས་ཏེ། སྒྲིག་གཞི་གསར་བ་དང་འགན་ནུས་གསར་བའི་བདག་དོམ་འཁོར་སྐྱོད་ཁྲོད་ནུས་པ་གང་ཡོད་འདོན་དགོས། འགོ་ཁྲིད་ལེགས་པོ་དང་ཕུལ་བྱུང་བདམས་ནས་དག་སྒྲིག་འགན་ནུས་ཀྱི་བརྒྱུད་རིམ་ལེགས་སྒྱུར་བྱེད་པ། སྒྲིག་གཞིའི་སྒྲིག་འཛུགས་དང་སྒྲིག་གཞིའི་འགན་ནུས་འཁོར་སྐྱོད་བདེ་བླག་ངང་མཐུད་སྦྲེལ་ལ་གོ་རིམ་ངེས་ཅན་ཞིག་ལྡན་དགོས། ད་རུང་ཐོག་མའི་སེམས་འདུན་མི་བརྗེད་པར་བཅོས་སྒྱུར་དངོས་འབེབས་བྱེད་པར་སྐུལ་འདེད་བྱེད་དགོས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་བརྗོད་དོན་སློབ་གསོར་ཟུང་འབྲེལ་བྱས་ཏེ། སྤུས་ཚད་མཐོ་བའི་སྒྲིག་གཞི་བཅོས་སྒྱུར་ལས་འགན་གྱི་བྱེ་བྲག་གི་འགུལ་སྐྱོད་ཡོངས་འགྲུབ་བྱུང་བ་དང་སྙིང་སྟོབས་གསར་བ་དར་སྤེལ་བཏང་ནས་སྤྱོད་ལམ་གསར་བ་དང་གསར་གཏོད་གསར་བ་ལ་གྲུབ་འབྲས་སྨིན་དུ་འཇུག་དགོས་ཟེར།

གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཨུ་ལྷན་སྒྲིག་ཁོངས་གཞུང་ལས་ཁང་། ཞིང་ཆེན་རང་བྱུང་ཐོན་ཁུངས་་ཐིན། ཞིང་ཆེན་ཚོང་རའི་ལྟ་སྐུལ་བདག་དོམ་ཅུའུ་དང་ཟི་ལིང་གྲོང་ཁྱེར། མཚོ་ལྷོ་ཁུལ། ཡུལ་ཤུལ་ཁུལ་བཅས་ཀྱི་འགན་ཁུར་མི་སྣ་དག་གིས་ཀྱང་བསམ་བློ་བརྗེ་རེས་བྱེད་པའི་གཏམ་བཤད་གནང་བ་རེད།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་ཀྲང་ཞིས་མེན། ཡན་ཅིན་ཧའེ། ཡེའུ་ཚུན་ལི། ཀའོ་ཧྭ། ཉི་མ་སྒྲོལ་མ། ཝང་ལེ་མེན། ཝང་ཀྲིན་ཧྲིན། ཐེན་ཅིན་ཅན། ཏོའུ་ཅེ། ཀྲང་ཝུན་ཁའེ། ངག་དབང་བསོད་ནམས། ཁྲིན་མེན་ཀའོ་བཅས་གྲོས་ཚོགས་ལ་ཞུགས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།