རང་རེའི་ཞིང་ཆེན་གྱི་སྐལ་བཟང་སྒྲོལ་མ་བཅས་ཀྱིས“མི་རབ་བརྩོན་འགྲུས་ཅན”གྱི་གཟེངས་རྟགས་འཁྱེར་ནས་ཕྱིར་ཕ་ཡུལ་དུ་ལོག་པ།

འདི་ནི་སྐལ་བཟང་སྒྲོལ་མ་དང་། སྐལ་གྲགས། བསོད་ནམས་རིན་ཆེན་བཅས་ཡིན།

ཟླ9ཚེས26ཉིན་རང་རེའི་ཞིང་ཆེན་གྱི“མི་རབ་བརྩོན་འགྲུས་ཅན”གསུམ་པེ་ཅིང་ནས་ཕྱིར་ཕ་ཡུལ་དུ་ལོག་ཅིང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགོ་ཁྲིད་གནམ་ཐང་དུ་བསུ་མར་ཕེབས།

ཟླ9ཚེས25ཉིན་ལ།“མི་རབ་བརྩོན་འགྲུས་ཅན”ཀྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས་ཤིང་། རང་རེའི་ཞིང་ཆེན་གྱི་སྐལ་གྲགས་དང་། རྒྱལ་མཚན། རྒྱས་བཟང་བསོད་ནམས་དར་རྒྱས་གསུམ་ལ“མི་རབ་བརྩོན་འགྲུས་ཅན”གྱི་མཚན་སྙན་གནང་བ་དང་། སྐལ་གྲགས་དང་། སྐལ་བཟང་སྒྲོལ་མ(རྒྱལ་མཚན་གྱི་ཆུང་མ)། བསོད་ནམས་རིན་ཆེན(རྒྱས་བཟང་བསོད་ནམས་དར་རྒྱས་ལགས་ཀྱི་བུ)བཅས་པེ་ཅིང་དུ་སོང་ནས་གཟེངས་བསྟོད་དང་ལེན་བྱས།

སྐལ་གྲགས་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་རག་ཤུལ་སྟོད་མ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཡུལ་ཚོའི་འགོ་གཙོ་ཡིན། ལས་ཀར་ཞུགས་ནས་ལོ་ངོ20ཡི་རིང་ལ་དབུལ་སྐྱོར་འགག་སྒྲོལ་གྱི་གཞི་རིམ་ལས་རྐང་དུ་བསྐྱོད་དེ། གྲང་ངར་ཆེ་ཞིང་ཡ་ང་བའི་གནམ་གཤིས་ལ་འཛེམ་དོགས་མེད་པར་རི་ཀླུང་དང་རྩྭ་ཐང་གཞུང་སྒྲུབ་དང་གནས་མལ་དུ་བཅོས་ཤིང་། གྲོང་ཚོ་སོ་སོ་དང་ཁྱིམ་ཚང་དཀའ་ངལ་ཅན་རེ་རེའི་མདུན་དུ་ཕྱིན་ནས་ཡུལ་མིའི་འཚོ་བ་རྫི་བོ་བཞིན་འཚོས་པས། ཡུལ་ཚོའི་ལས་བྱེད་མང་ཚོགས་ཀྱིས་ཁོ་ལ“ཞང་ཀྲང་རྫི་བོ”ཞེས་འབོད། ཁོས་ང་ལ་ཐེངས་འདིར་པེ་ཅིང་དུ་བསྐྱོད་དེ་གཟེངས་རྟགས་འདི་འདྲ་ཆེན་པོ་ཞིག་ཐོབ་པར་དགའ་སྤྲོ་དཔག་མེད་སྐྱེས་ལ། ལྷག་པར་སྐབས་འདི་དང་བསྟུན་ནས་རྒྱལ་ཡོངས་ས་གནས་སོ་སོའི“མི་རབ་བརྩོན་འགྲུས་ཅན”རྣམས་ཀྱི་སྔོན་ཐོན་བྱས་རྗེས་སྐོར་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་བྱུང་བ་དང་ཆབས་ཅིག་འབད་སེམས་བརྟན་པོ་ཞིག་ཀྱང་ངང་གིས་སྐྱེས་བྱུང་ཟེར།

       རྒྱལ་མཚན་ནི་ཀྲུང་གུང་ཏང་ཡོན་ཡིན། 1968ལོའི་ཟླ6པར་མཚོ་སྔོན་གྱི་བྲག་དཀར་རྫོང་ནས་སྐྱེས། འཚོ་བཞུགས་ཀྱི་སྐབས་ལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་གཡུ་སྒང་ཉིན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་དང་དམངས་འཐུས་རྒྱུན་ལས་ཀྱི་ཀྲུའུ་ཞི་ཚོགས་པའི་འགན་གཅིག་ལྕོགས་དང་། རྫོང་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་བཅས་བཞེས་མྱོང་། 2015ལོའི་ཟླ12ཚེས4ཉིན་ལ་ལས་ཀའི་ངལ་དུབ་མ་ལྕོགས་པར་གློ་བུར་དུ་སྙིང་རྩ་འགག་ནས་ཚེ་ལས་འདས། ལོ47རེད།ཁོས་ཆུང་མ་སྐལ་བཟང་སྒྲོལ་མས། རྒྱལ་མཚན་ལ་གཟེངས་རྟགས་ཆེན་པོ་འདི་འདྲ་ཞིག་ཐོབ་པ་དེ་ང་དང་ངའི་བུ་ཕྲུག་ལ་མཚོན་ན་ཡར་སྐུལ་ཆེན་པོ་རེད། མ་འོངས་པ་ན་ངས་རང་གི་འགན་འཁྲི་ཡིད་ལ་བརྟན་པོར་བཅིངས་ནས་རྨ་ལྷོ་སོག་རྫོང་གི་སྤྱི་བདེ་ལས་ཀར་རང་ནུས་ཅི་ལྕོགས་ཀྱིས་འབད་འབུངས་བྱེད་ངེས་ཡིན་ཟེར།

རྒྱས་བཟང་བསོད་ནམས་དར་རྒྱས་འཚོ་བཞུགས་སྐབས་སུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་ནུབ་རྒྱུད་བཟོ་ཨུའི་ཧྲུའུ་ཅི་ཡིན། 1994ལོའི་ཟླ1ཚེས18ཉིན་ཁོང་དང་རུ་མི་བཞིས་ཨ་ཆེན་གངས་རྒྱབ་ནས་ལྐོག་རྔོན་ཉེས་ཅན་འཛིན་བཟུང་བྱས་ནས་ཕྱིར་རྫོང་མཁར་དུ་ལོག་པའི་ལམ་དུ་ཉེས་ཅན་གྱིས་འཇབ་རྒོལ་ཐེབས་ནས་གྲོངས།

བསོད་ནམས་རིན་ཆེན་གྱིས། ཐེངས་འདིར་པེ་ཅིང་དུ་སོང་རྗེས་ང་ལ་དྲན་ཚོར་མི་འདྲ་བ་ཞིག་བཞག་སོང་། ལོ་དུས་དང་ལས་རྐང་གང་འདྲ་ཞིག་ཡིན་རུང་། མི་དམངས་དང་རྒྱལ་ཁབ་ཀྱི་ཆེད་དུ་བློས་གཏོང་ཕོད་ཚེ་རྒྱལ་ཁབ་ཀྱིས་དུས་གཏན་དུ་བརྗེད་མི་སྲིད། ད་ནས་བཟུང་ངས་ཨ་ཕ་ལགས་ཀྱི་སྙིང་སྟོབས་དང་དཀའ་སྤྱད་འབད་འབུངས་ཀྱི་བསམ་སྦྱོར་བཟང་བོ་རང་གི་བྱ་བའི་ལག་ལེན་ཁྲོད་རྒྱུན་འཛིན་བྱས་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་དང་ཁོར་སྲུང་བྱ་གཞག་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཁོན་ཐར་འཚོས་བསྒྱུར།