མཚོ་ལྷོ་མང་རྫོང་གིས“ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ”བརྗོད་དོན་དུ་བཟུང་ནས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཞི་པ་སྤེལ་པ།

ཟླ9ཚེས22ཉིན་མང་རྫོང་གིས“ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ”ཞེས་པའི་བརྗོད་དོན་སློབ་གསོ་སྟེ་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་གཅིག་བསྡུས་སློབ་སྦྱོང་ཐེངས་བཞི་པ་བྱས་ཤིང་། དེ་ཡང་རང་སྦྱོང་དང་མ་ཡིག་ཀློག་ཁྲིད། གུང་ཁྲན་ཏང་ཡོན་ཕུལ་བྱུང་གི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སློབ་གསོའི་སློབ་སྦྱོང་བྱེད་སྒོ་སྤེལ། རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་ཝང་ཀྲི་ཅང་གིས་ཐེངས་འདིའི་སློབ་སྦྱོང་ལ་གཙོ་སྐྱོང་གནང་བ་རེད། དེ་མིན་རྫོང་ཡོངས་ཀྱི་རྫོང་གཞོན་པ་རིམ་པའི་ཡན་གྱི་འགོ་ཁྲིད་ལས་བྱེད་པ་སོགས་ཁྱོན་བསྡོམས་མི་གྲངས22ཐེངས་འདིའི་སློབ་སྦྱོང་ནང་ཟབ་ཞུགས་བྱས་ཡོད།

ཚོགས་འདུའི་ཐོག་བློ་མཐུན་ཝང་ཀྲི་ཅང་གིས་སྣེ་ཁྲིད་དེ《ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་གི་རྩ་གནད—མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས》ཞེས་པར་སློབ་སྦྱོང་བྱས་པ་དང་། 《ཞིང་ཆེན་ནང་ཁུལ》གྱི་དཔེ་མཚོན་གྱོད་གཞི་གལ་ཆེན་སྟེ། མགོ་ལོག་ཁུལ་དར་ལག་རྫོང་ཨུའི་ཧྲུའུ་ཅི་ཝུའུ་ཝུའེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལ་འགལ་བའི་དཔེ་མཚོན་གྱོད་དཔེ་དང་། རྨ་ལྷོ་ཁུལ་གཅན་ཚ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཡང་ཞང་ཧྥིན་གྱིས་སྒྲིག་འགལ་ངང་དོ་དམ་ཞབས་ཞུ་བྱ་ཡུལ་ནས་གསོལ་སྟོན་བཤམས་པ་དང་། ཡུལ་སྐོར་དང་འབུལ་རྟེན་ལེན་པ་སོགས་ཀྱི་གནད་དོན། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་གྱོད་གཞི་སྟེ།མཚོ་ཤར་གྲོང་ཁྱེར་གྲོ་ཚང་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཅུའུ་ཀྲང་སི་རན་གྱིས་དབུལ་སྐྱོར་རྣམ་གྲངས་ཀྱི་མཐུན་སྦྱོར་གྲོན་དངུལ་བསྡུས་པ། དབུལ་སྐྱོར་མ་དངུལ་གཡོ་ལེན་བྱས་པ་སོགས་ཀྱི་གནད་དོན་བཅས་སྒྲོག་འདོན་གནང་བ་རེད། དེར་མཐུད་འགོ་ཁྲིད་ལས་བྱེད་པ་ཡོངས་ཀྱིས《འབྲོག་པ་ཧྲིན་ཀྲང་སྐལ་ལོའི་སྙིང་སྟོབས》ཀྱི་ཆེད་དོན་སློབ་གསོའི་གློག་བརྙན་ལ་བལྟས་པ་དང་།འགོ་ཁྲིད་ལས་བྱེད་པ་ཚང་མ“འབྲོག་པ་སྐལ་ལོའི”མི་སེམས་འགུལ་བའི་གཏམ་རྒྱུད་ཀྱིས་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་པ་མ་ཟད། ཁོང་ནི་མཚོ་སྔོན་ས་མཐོའི་ཡང་རྩེ་ནས་ནམ་ཡང་ནུབ་པ་མེད་པའི་བསམ་བློའི་ནོར་བུ་ལྟ་བུ་ཞིག་དང་ཚང་མས་སློབ་སྦྱོང་བྱ་འོས་ཀྱི་མིག་དཔེ་བཟང་པོ་ཞིག་རེད་ཅེས་མགྲིན་གཅིག་ཏུ་བསྔགས་བརྗོད་གནང་བ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།