མཚོ་སྔོན་གྱི་རིག་རྩལ་ཆེད་མཁས་པ་གཅན་ཚ་རྫོང་གི་གདོང་སྣ་གྲོང་རྡལ་དུ་སོང་སྟེ“ཀྲུང་གོ་ཞིང་བའི་ལོ་ལེགས”དུས་ཆེན་ལ་མཉམ་ཞུགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ9ཚེས21ཉིན་གྱི་སྔ་དྲོ། ཀྲུང་གོ་ཞིང་བའི་ལོ་ལེགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱིས“ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་རིག་གནས་དར་སྤེལ་གཏང་བ། ཞིང་སྡེ་དར་རྒྱས”བཅས་ཀྱི་མཛུབ་སྟོན་དགོངས་དོན་གཞིར་བཟུང་སྟེ། འགན་ནུས་ཀྱི་ཁྱད་ཆོས་འདོན་སྤེལ་བྱེད་ཆེད། རིག་རྩལ་ཆེད་མཁས་པ་གྲགས་ཅན30ལྷག་རྩ་འཛུགས་བྱས་ཏེ་གཅན་ཚ་རྫོང་གི་གདོང་སྣ་གྲོང་རྡལ་དུ་སོང་ནས། ས་གནས་ཀྱི་ཞིང་བ་སྟོང་ཕྲག་ལྷག་ལ་ངོ་མཚར་ཡིད་དུ་འོངས་བའི་རིག་རྩལ་འཁྲབ་སྟོན་བྱས། དེ་དང་ཆབས་ཅིག་རིག་རྩལ་ཆེད་མཁས་པ་དག་གིས་གདོང་སྣ་གྲོང་རྡལ་གྱི་གྲོང་རྡལ་ཆུང་ངུའི་འཛུགས་སྐྲུན་དང་ཞིང་ལས་སྒྲིག་གཞི་སྙོམས་སྒྲིག དབུལ་སྐྱོར་མཁྲེགས་གཏོར་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཡིག་གཟུགས་དང་མཛེས་རྩལ། བརྙན་རིས་བརྩམས་ཆོས་སོགས་གསར་རྩོམ་གནང་སྟེ་རིན་མེད་ཞལ་འདེབས་གནང་བའི་བྱེད་སྒོ་སྤེལ།

ཏང་ཀྲུང་དབྱང་གི་ཆོག་མཆན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐག་གཅོད་གཏན་ཁེལ་བརྒྱུད། ལོ་རེའི་ལུགས་རྙིང་གི་སྟོན་ཉི་ལྡོག་དེ“ཀྲུང་གོ་ཞིང་བའི་ལོ་ལེགས་དུས་ཆེན”དུ་གཏན་ཁེལ་བྱས་ཤིང་། ད་ལོ་ནི“ཀྲུང་གོ་ཞིང་བའི་ལོ་ལེགས་དུས་ཆེན”སྐབས་གཉིས་པ་ཡིན། ཀྲུང་དབྱང་རྒྱལ་ཁབ་ཀྱི་པུའུ་ཨུ13དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞིང་སྡེ་ཕྱུགས་ལས་བྱ་བའི་འགོ་ཁྲིད་ཚན་ཆུང་། ཀྲུང་གོའི་རིག་རྩལ་ལྷན་་ཚོགས་དང་བླངས་ཞབས་ཞུའི་ལྟེ་གནས་བཅས་ཀྱིས་ལོ་ལེགས་དུས་ཆེན་བྱ་འགུལ་གྱི་མཛུབ་སྟོན་བསམ་འཆར་དང་བརྡ་སྦྱོར་གྱི་བླང་བྱ་ལྟར། ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱིས་འགན་ནུས་ཁྱད་ཆོས་འདོན་སྤེལ་གཏན་འབེབས་བྱ་འགུལ་གྱི་ཇུས་གཞི་ལྟར། རིག་རྩལ་བྱ་བ་སྒྲུབ་མཁན་རྩ་འཛུགས་བྱས་ཏེ་རིག་རྩལ་འཁྲབ་སྟོན་བྱས་ཤིང་། ཞིང་སྡེའི་སྒྱུ་རྩལ་གསར་རྩོམ་སྒོས་སྒྱུ་རྩལ་གཟབ་སྦྱོང་སྤེལ་བ། མཐོ་སློབ་དུ་ཞུགས་ནས་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་བྱེད་པ་སོགས་རིག་རྩལ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ། དུས་ཆེན་དེ་སྤྱི་ཚོགས་ཀྱི་ངོས་འཛིན་ཚད་གཞི་མཐོར་འདེགས་སུ་བཏང་ནས་ཤུགས་རྐྱེན་ནུས་པ་དང་ནང་སྒུལ་ནུས་པ་ཆེས་ཆེར་བཏང་། མཚོ་སྔོན་ཞིང་ཆེན་རིག་རྩལ་ཆེད་མཁས་པ་དག་གདོང་སྣ་གྲོང་རྡལ་དུ་སོང་སྟེ་བཅའ་འདྲི་གསར་རྩོམ་དང་རིག་རྩལ་འཁྲབ་སྟོན་གྱིས་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ།

གདོང་སྣ་གྲོང་རྡལ་དུ་རིག་རྩལ་འཁྲབ་སྟོན་མ་སྤེལ་བའི་ཉིན་འགའི་ཡར་སྔོན་དུ། ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱིས་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་ཞིང་ཆེན་ཡིག་གཟུགས་མཁན་གྱི་མཐུན་ཚོགས། ཞིང་ཆེན་མཛེས་རྩལ་མཐུན་ཚོགས། ཞིང་ཆེན་བརྙན་ལེན་མཁན་གྱི་མཐུན་ཚོགས་བཅས་ཀྱི་སྒྱུ་རྩལ་པ་གྲགས་ཅན་རྩ་འཛུགས་བྱས་ཏེ། ཞིང་ཆེན་རིག་རྩལ་དང་བླངས་མཁན་གྱི་མཐུན་ཚོགས་ཀྱི་སྣེ་ཁྲིད་འོག་གདོང་སྣ་གྲོང་རྡལ་དུ་སོང་སྟེ། ས་གནས་ཀྱི་ཁྱད་ལྡན་ཁྱད་ཆོས་གཙོར་བཟུང་ནས་གསར་རྩོམ་གནང་བ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།